༸གོང་ས་མཆོག་ནས་རྡ་སར་ཆོས་འབྲེལ་གསུང་ཆོས་བསྩལ་བ།
2008.09.30
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཆར་སིང་ག་པུར་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་པར་ལམ་རིམ་བསྡུས་དོན་གྱི་སྒོ་ནས་གསུང་ཆོས་སྩལ་གནང་གྲུབ་རྗེས་ དེ་རིང་ཕྱི་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་ནས་དབུ་བཙུགས་སྟེ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ལྦན་ནས་བཅར་བའི་ནང་ཆོས་དོན་གཉེར་བ་གཙོས་བོད་མི་དང་ཀོ་རི་ཡ་ དེ་བཞིན་ལྦིཡེཏ་ནམ་སོགས་འཛམ་གླིང་ས་ཕྱོགས་གང་ས་ནས་འདུས་པའི་དད་ལྡན་ཆོས་ཞུ་བ་གསུམ་སྟོང་ལྔ་བརྒྱ་ལྷག་ལ་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉིན་གྲངས་ལྔའི་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་སློབ་དཔོན་ཀ་མ་ལ་ཤྲི་ལས་མཛད་པའི་སྒོམས་རིམ་བར་པའི་སྒོ་ནས་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་ཞིང་ དེ་རིང་སྔོན་འགྲོའི་ཆོས་བཤད་བསྐྱངས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་གང་ཉིད་ནང་པའི་དགེ་སློང་ཞིག་ཡིན་སྟབས་ གང་ཉིད་ཀྱི་ཐུགས་དགོངས་གཙོ་བོ་ཞིག་ནི་ ནང་ཆོས་ཀྱི་ཐོག་ནས་འཛམ་གླིང་སྐྱེ་འགྲོ་སྤྱི་དང་ལྷག་པར་དུ་རྒྱ་ནག་ནང་གི་ནང་པ་གཙོ་བོར་གྱུར་པའི་རྒྱ་རིགས་ནང་པ་ཚོར་ཕན་བདེ་བསྐྲུན་ཐབས་གནང་རྒྱུ་དེ་ཡིན་པ་བཀའ་གནང་པ་དང་ཆབས་གཅིག་ ཐའེ་ལྦན་ནས་ཆེད་བཅར་ཞུས་པའི་དོན་གཉེར་ཅན་པ་ཚོ་རང་རང་སོ་སོའི་ལས་ཀའི་གནས་སྟངས་ཀྱི་ཐོག་ནས་མི་ཚེ་བྲེལ་ཟིང་ཆེན་པོ་ཞིག་ཡོད་མིན་ལ་མ་བལྟོས་པར་ད་རེས་རྡ་རམ་ས་ལར་གསུང་ཆོས་སུ་ཆེད་མངགས་སླེབས་པར་ལེགས་སོ་གནང་ཞིང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་ཐའེ་ལྦན་དུ་ཆིབས་བསྒྱུར་གནང་སྟེ་ཐའེ་ལྦན་ནང་གི་དད་ལྡན་མང་ཚོགས་ལ་གསུང་ཆོས་སྩལ་གནང་མཛད་རྒྱུའི་ཐུགས་འདུན་ཆེན་པོ་ཡོད་པ་ཡང་བཀའ་གནང་འདུག།