བོད་དིང་རི་ས་ཁུལ་དུ་ས་ཡོམ་གོད་ཆག་བྱུང་བར་ཧི་མ་ལ་ཡའི་མི་མང་ནས་གདུང་སེམས་མཉམ་སྐྱེད།

2025.01.14
བོད་དིང་རི་ས་ཁུལ་དུ་ས་ཡོམ་གོད་ཆག་བྱུང་བར་ཧི་མ་ལ་ཡའི་མི་མང་ནས་གདུང་སེམས་མཉམ་སྐྱེད། རྒྱ་གར་བྱང་ཤར་རྟ་དབང་ནང་དུ་མར་མེ་ཁྲོམ་སྐོར་སྐབས། ༢༠༢༥།༠༡།༡༣ ཉིན།
དགའ་ལྡན་རྣམ་རྒྱལ་ལྷ་རྩེའི་དགོན་པ།

ཟླ་ ༡ ཚེས་ ༧ ཉིན་བོད་དིང་རི་གཙོས་ཉེ་འཁོར་ས་ཁུལ་ཁག་ཏུ་ས་ཡོམ་གོད་ཆག་བྱུང་སྟེ་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེ་ཕོག་ཡོད་པ་བཞིན། ས་ཡོམ་ཀྱི་གོད་ཆགས་དེའི་ཁྲོད་རྐྱེན་འདས་དང་གནོད་འཚེ་ཕོག་ཡུལ་གྱི་མི་རྣམས་ཀྱི་ཆེད་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་རྣམས་ནས་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ། དཔལ་འབྱོར་གྱི་རོགས་སྐྱོར་གནང་མུས་བཞིན། ཆོས་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་ལ་གནས་པའི་བོད་རིགས་རྣམས་ནས་ཀྱང་བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བར་གདུང་སེམས་མཉམ་སྐྱེད་དང་སྦྲགས། ས་གནས་སོ་སོར་མཆོད་འབུལ་སྨོན་ལམ་དང་། མར་མེ་ཁྲོམ་བསྐོར་སོགས་གནང་བཞིན་འདུག

e1c7525c-78f9-4ba5-91fa-2d73983c4399.jpeg
རྒྱ་གར་བྱང་ཤར་རྟ་དབང་ནང་དུ་མར་མེ་ཁྲོམ་སྐོར་སྐབས། ༢༠༢༥།༠༡།༡༣ ཉིན།

དེ་ཡང་ལ་དྭགས་གླེ་ཁུལ་དུ་ཁ་སང་ཕྱི་ཚེས་ ༨ ཉིན་ལ་དྭགས་ནང་པའི་ཚོགས་འདུའི་གཞོན་ནུའི་ཚོགས་པའི་གོ་སྒྲིག་འོག ལ་དྭགས་གླེ་གྲོང་ཁྱེར་དུ་བོད་ནང་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་བ་དང་། གནོད་སྐྱོན་ཕོག་མཁན་ཚོར་མཆོད་འབུལ་སྨོན་ལམ་དང་། གདུང་སེམས་མཉམ་སྐྱེད་མཚོན་ཆེད་མར་མེའི་ཁྲོམ་སྐོར་རྒྱ་ཆེ་བ་ཞིག་གནང་འདུག་པ་མ་ཟད། ཇོ་ཁང་དུ་བོད་མི་དང་ས་གནས་མི་མང་མང་དག་ཅིག་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་འདུག ལ་དྭགས་ནང་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དགོས་དོན་སྐོར་ལ་དྭགས་ནང་ཚོགས་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་འཇིགས་མེད་རབ་བརྟན་ལགས་ཀྱིས་གསུངས་དོན་ལ། ཧི་མ་ལ་ཡའི་མི་རིགས་སྤྱི་ཡོངས་ཀྱི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་སོགས་བོད་མི་རྣམས་དང་གཅིག་མཚུངས་ཡིན་པས། བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བའི་གནས་ཚུལ་ཐོས་མ་ཐག་ལ་དྭགས་གནས་སྡོད་བོད་མི་ཙམ་དུ་མ་ཟད་ནང་པ་སྤྱི་ཡོངས་དང་། ཡི་ཤུ ཁ་ཆེའི་ཡུལ་མི་རྣམས་ནས་ཀྱང་བློ་འཚབ་ཆེན་པོ་གནང་གི་འདུག་ཅིང་། དེ་དང་འབྲེལ་ཏེ་ལ་དྭགས་ནང་ཚོགས་ཀྱི་གཞོན་ནུ་ཚོགས་པ་དང་། ལ་སྤྱི་ལས་ཁུངས་ཐུན་མོང་ཐོག་ལ་དྭགས་ཇོ་ཁང་དུ་སྨོན་ལམ་གོ་སྒྲིག་ཞུས་ཡོད་ལ། གླེ་ནང་ཡོད་པའི་ས་གནས་མང་དག་ཅིག་གི་ཡུལ་མི་རྣམས་ནས་ཀྱང་རང་རང་སོ་སོའི་ས་གནས་སུ་མཆོད་འབུལ་སྨོན་ལམ་འཚོགས་འདུག ཅེས་དང་། དེ་བཞིན་ཁོང་གིས་མུ་མཐུད་ལ་དྭགས་རྒྱལ་ས་གླེ་ནང་ཁྱོན་མི་གྲངས་ ༡༠༠༠ ལྷག་མཉམ་ཞུགས་ཀྱིས་མར་མེ་ཁྲོམ་སྐོར་གནང་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

དེ་མཚུངས་ལ་དྭགས་ཟངས་དཀར་དུའང་ས་གནས་ཡུལ་མི་རྣམས་ནས་ས་ཡོམ་གྱི་གནོད་འཚེ་ཕོག་མཁན་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་འདུག་ལ། དེའི་སྐོར་ལ་ཟངས་དཀར་ནང་ཚོགས་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་རང་སྒྲོལ་ལགས་ནས་གསུངས་དོན་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རྒྱུན་དུ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་ཐད་བཀའ་ཕེབས་ཀྱི་ཡོད་པ་བཞིན། བོད་མི་ཙམ་དུ་མ་ཟད་རྒྱལ་ཁབ་སུ་འདྲ་ཞིག་ལ་དེ་ལྟ་བུའི་གོད་ཆག་གི་དཀའ་ངལ་འཕྲད་ནའང་། ལ་དྭགས་ཡུལ་མི་རྣམས་ནས་གདུང་སེམས་མཉམ་སྐྱེད་ཞུ་གི་ཡོད་པ་ལྟར། ཐེངས་འདིར་ཟངས་དཀར་ནང་གི་གྲོང་གསེབ་ ༦༠ ལྷག་ནས་ད་ལྟའི་བོད་ནང་གི་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་བོད་མི་རྣམས་ཀྱི་ཆེད་རང་རང་སོ་སོའི་ས་གནས་སུ་མཆོད་འབུལ་སྨོན་ལམ་དང་། ཡུལ་མི་ ༥༠༠ ལྷག་ནས་མར་མེ་ཁྲོམ་སྐོར་གནང་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

2949b6ad-bb1c-46fd-830f-bf64b551356b.jpeg
རྒྱ་གར་བྱང་ཤར་རྟ་དབང་ནང་དུ་མར་མེ་ཁྲོམ་སྐོར་སྐབས། ༢༠༢༥།༠༡།༡༣ ཉིན།

གཞན་ཡང་རྒྱ་གར་བྱང་ཤར་རྟ་དབང་ནང་དུའང་འདི་ཚེས་ ༡༢ ཉིན། སློབ་ཕྲུག་དང་མང་ཚོགས་སོགས་ཁྱོན་མི་གྲངས་མང་དག་འདུ་འཛོམས་གནང་ནས་བོད་ནང་གི་ས་ཡོམ་གོད་ཆག་ལ་གདུང་སེམས་མཉམ་སྐྱེད་ཆེད་མར་མེ་ཁྲོམ་སྐོར་གནང་འདུག་ཅིང་། དེའི་ཆེད་དམིགས་ཏེ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེའི་དགོན་པའི་ནང་། ས་ཡོམ་ཀྱི་གནོད་ཚད་རྐྱེན་རྐྱེན་འདས་སུ་ཕྱིན་པ་དང་རྨས་སྐྱོན་བྱུང་བ་རྣམས་རྐྱེན་ངན་ལས་བྲལ་བ་དང་། གདུང་སེམས་མཉམ་སྐྱེད་ཆེད་མ་ཎི་དུང་སྒྲུབ་ཉིན་བཞིའི་རིང་གསོག་སྒྲུབ་གནང་ཡོད་པ་སོགས་ཀྱི་སྐོར་བཤད་གླིང་སྤྲུལ་སྐུ་ཐུབ་བསྟན་བསྟན་དར་རིན་པོ་ཆེ་ནས་འགྲེལ་བརྗོད་གནང་བྱུང་།

IMG_8987.jpg
ལ་དྭགས་སུ་མར་མེ་ཁྲོམ་སྐོར་སྐབས། ༢༠༢༥།༠༡།༨ ཉིན།

ཡང་རྒྱ་གར་སྒང་ཏོག་ནང་གནས་སྡོད་ས་གནས་ཡུལ་མི་ཚོས་ཀྱང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་པ་ལྟར། དེའི་སྐོར་རང་ལོ་ ༦༦ སོན་པ་ས་གནས་ཡུལ་མི་མིག་དམར་ལྷ་མོ་ལགས་ཀྱིས། ཉེ་ཆར་བོད་ནང་ས་ཡོམ་གྱི་གོད་ཆག་འོག་མི་རྒྱུ་གཉིས་ལ་གནོད་སྐྱོན་འཚབ་ཆེ་བྱུང་བའི་གནས་ཚུལ་ཐོས་པར་ཡིད་སྐྱོ་པོ་བྱུང་ལ། ཁ་སང་ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དུ་སྨོན་ལམ་གསུང་འདོན་ནང་མཉམ་ཞུགས་བྱས་པ་ཡིན། ང་ཚོས་དུས་རྟག་ཏུ་དེ་ལྟ་བུའི་གནོད་སྐྱོན་ཞིག་ས་ཁུལ་གང་དུའང་མི་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། སྒང་ཏོག་གནས་སྡོད་བཀྲ་ཤིས་དབང་འདུས་བྷོ་ཊི་ཡ་ལགས་ཀྱིས། ཚང་མས་ཤེས་གསལ་ལྟར་འབྲས་ལྗོངས་དེ་བཞིན་བོད་དང་ས་འབྲེལ་ཡིན་པ་མ་ཟད། གནའ་སྔ་མོ་ནས་འབྲས་ལྗོངས་དང་བོད་དབར་ཆོས་དང་རིག་གཞུང་སོགས་ཕྱོགས་ཡོངས་ནས་འབྲེལ་བ་དམ་ཟབ་ཡོད་པ་རེད། ད་རེས་བོད་ཀྱི་གཞིས་ཀ་རྩེ་ཁུལ་དུ་ས་ཡོམ་འགུལ་ཚད་ ༧་༡ ཅན་ཞིག་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཕོག་པའི་གནས་ཚུལ་ཐོས་པར་སེམས་པ་ཧ་ཅང་སྐྱོ་པོ་བྱུང་ལ། ང་ཚོ་འབྲས་ལྗོངས་ཡུལ་མི་ཚོས་ཀྱང་དེར་གདུང་སེམས་མཉམ་སྐྱེད་དང་གནོད་འཚེ་དེ་ལྟ་བུ་མི་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་གསུངས་བྱུང་།

རྩ་བའི་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་ ༧.༡ བརྒྱབ་ཡོད་སྐོར་ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱིས་བསྒྲགས་ཡོད་ཅིང་།   རྒྱ་ནག་གཞུང་འབྲེལ་གྱིས་མི་ ༡༢༦ རྐྱེན་འདས་དང་མི་ ༣༣༧ ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

 







བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎