ཧི་མ་ལ་ཡའི་ཁྱིམ་ཚང་གི་ལྷན་ཚོགས་ཞེས་པ་བསྐོང་ཚོགས།
2012.05.03
༄༅༎ཁ་ས་ཚེས་ ༢ ཉིན་ རྡ་ཤོད་གྲོང་སྡེའི་ཛི་ལ་པ་རི་ཤརྡ་ཞེས་པའི་ཚོགས་ཁང་དུ་པཱ་རི་ལྦའར་ཞེས་པའི་ཧི་མཱ་ཅལ་མངའ་སྡེའི་ནང་གི་ཡུལ་མི་དང་བོད་པ་ཐུན་མོང་གི་བཙུགས་པའི་ཚོགས་པའི་གོ་སྒྲིག་དང་ སྒྲུབ་རྒྱུད་བསྟན་པའི་གསལ་བྱེད་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ འཛམ་གླིང་ཞི་བདེ་དང་ནང་པ་ཧི་མཱ་ལ་ཡའི་ཉེན་ཁ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་རེད་ ཚོགས་འདུ་དེའི་སར་ དམིགས་བསལ་སྐུ་མགྲོན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབུས་པའི་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་ཨིན་རྡར་ཤི་དང་ ཧི་མཱ་ཅལ་མཐོ་སློབ་ཡོངས་ཀྱི་འགན་འཛིན་གཞོན་པ་དང་ དེ་བཞིན་ ཁུ་ནུ་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ནེ་གི་རྒྱ་གར་ཡུལ་མི་དང་རྡ་སའི་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་སྐུ་མགྲོན་བཅས་ ཁྱོན་མི་གྲངས་ ༢༠༠ བརྒལ་བ་ལྷན་འཛོམས་གནང་བཞག ལྷན་ཚོགས་ཐོག་སྐུ་མགྲོན་རྣམ་པས་རིམ་བཞིན་གསུང་བཤད་གནང་བའི་ནང་ བོད་ནང་རྒྱ་གཞུང་གིས་མཁྲེགས་བཟུང་གི་སྲིད་བྱུས་ལ་ བོད་མི་ཚོས་འུ་ཐུག་བཟོད་བྲལ་གྱི་རང་ལུས་མེར་སྲེག་བཏང་བར་གདུང་སེམས་མཉམ་སྐྱེད་ཞུས་གནང་འདུག དེ་རྗེས་དམིགས་བསལ་སྐུ་མགྲོན་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་ བོད་ཀྱི་གནད་དོན་དེ་ཇི་སྲིད་མ་སེལ་བར་དུ་ ཧི་མཱ་ལ་ཡའི་ཁོར་ཡུག་སོགས་ལ་དཀའ་ངལ་སེལ་རྒྱུ་ཁག་པོ་ཡིན་སྐོར་འགྲེལ་བརྗོད་དང་ དེ་བཞིན་ནང་ཆོས་ཀྱི་རིག་གཞུང་འདིས་ འཛམ་གླིང་ཞི་བདེར་ཕན་རླབས་ཆེན་པོ་ཇི་ཆགས་བཅས་ཀྱི་སྐོར་གསུང་བཤད་གནང་བཞག སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་ཧི་མཱ་ལ་ཡ་དང་ བོད་གཉིས་དབར་ཆས་གོས་དང་ལོ་རྒྱུས་ རིག་གནས་སོགས་ཀྱི་འབྲེལ་བ་བཟང་པོ་ཞིག་ཡོད་པ་དེ་ལྟར་ཡང་ ཚང་མས་ལོ་རྒྱུས་དང་རིག་གནས་ཀྱི་རྒྱབ་ལྗོངས་ཐོག་ནས་ བློ་སེམས་ཆིག་སྒྲིལ་དང་ མཛའ་འབྲེལ་དམ་ཟབ་དགོས་རྒྱུའི་གལ་གནད་ཤིན་ཏུ་ཆེ་བའི་སྐོར་ནན་སྐུལ་དང་སྦྲགས་ ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ཀས་ མངའ་སྡེའི་དེའི་ནང་ བཙན་བྱོལ་གྱི་སྒྲིག་འཛུགས་ཚུགས་པ་དང་ ༧གོང་ས་མཆོག་གིས་དབུས་ བོད་མི་མང་པོར་འཚོ་གནས་ཐུབས་པའི་ཁོར་ཡུག་བསྐྲུན་པ་མ་ཟད་ བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཁོར་ཡུག་བསྐྲུན་པར་ བཀའ་དྲིན་རྗེས་དྲན་ཞུས་གནང་པ་དང་འབྲེལ་ ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་གནས་ཐུབ་རྒྱུའི་སྨོན་འདུན་གནང་བཞག་༎