སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཆིབས་སྒྱུར་བསྐྱང་རྒྱུ་ཐུགས་གཏན་འཁེལ་བ།
ཟླ་ ༡༢ ཚེས་ ༢༡ ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༣ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༠ ཉིན་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱའི་སྟེང་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་འདུག་པ་ལྟར། ཟླ་ ༡༢ ཚེས་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་གཉིས་གཙོས་པའི་ས་གནས་ཀྱི་ལས་སྣེ་རྣམ་པ་ལྷན་བཞུགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་དང་འབྲེལ། ༧གོང་ས་མཆོག་གི་༸སྐུའི་ཉེན་སྲུང་མཚོན་མགོན་པོ་གང་ཉིད་ཀྱི་སྐུ་འཁོར་ལྷན་རྒྱས་ཀྱི་བཞུགས་གནས་དང་དེ་བཞིན་ས་གནས་ཀྱི་ཁོར་ཡུག་གཙང་བཟོ་སོགས། ལས་དོན་ཁག་གི་སྐོར་བཀའ་བསྡུར་གནང་ཡོད་པ་རེད་ལ། ད་ལན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ཆིབས་སྒྱུར་བསྐྱང་གནང་མཛད་ཀྱི་ཡོད་པའི་གནས་ཚུལ་ཐོན་མ་ཐག སྦེ་ལ་ཀོ་པི་གཞིས་ཁུངས་ཀྱི་བོད་མི་རྒན་གཞོན་བར་གསུམ་ནས་མགོན་པོ་གང་ཉིད་ཀྱི་ཞལ་མཇལ་གསུང་ཐོས་ཀྱི་བསྐལ་པ་བཟང་པོ་ཞིག་ངོས་འཛིན་གནང་གི་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༡ ཚེས་ ༣ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཞལ་བསྒྱུར་གནང་རྒྱུ་དང་། ཕྱི་ཟླ་ ༡ ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ཁྱབ་ཁོངས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་གནང་མཛད་དེ། གནས་སྐབས་རིང་སྐུ་ངལ་གསོ་བཞུགས་མཛད་རྒྱུ་ཡིན་པ་བཀོད་གནང་འདུག དེ་དང་འབྲེལ་དགའ་ལྡན་ཕོ་བྲང་ངོས་ནས་ཆོས་ཞུ་བ་དང་མཇལ་བཅར་བ་ཚོར་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཅི་རིགས་ལ་བཅར་རྒྱུའི་ཆེད། དད་ལྡན་པ་རྣམས་ཀྱིས་གོ་སྒྲིག་ཚོགས་ཆུང་ལ་ཐད་ཀར་ཁ་པར་གཏོང་བའམ་ཡང་ན་དྲྭ་རྒྱའི་ཐོག་ནས་གནས་ཚུལ་མཁྱེན་རྟོགས་ཡོང་རྒྱུ་དང་། བཞུགས་སྒར་རྡ་རམ་ས་ལར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་སྐབས་ཆེད་བཅར་ཞུ་མཁན་རྣམས་ཀྱིས་ཐོ་འགོད་ཞུ་དགོས་ཤིང་། ཐོ་འགོད་བྱ་རྒྱུའི་དུས་ཚོད་ནི་སྔ་དྲོའི་ཕྱག་ཚོད་ ༩ པ་ནས་དགོང་དྲོའི་ཕྱག་ཚོད་ ༡ པོ་བར་དང་། དེ་ནས་དགོང་དྲོའི་ཕྱག་ཚོད་ ༢ པ་ནས་ ༥ པའི་བར་བཞུགས་སྒར་གཙུག་ལག་ཁང་གི་མདུན་རྭར་ཡིན་པ་བཅས་བཀོད་འདུག
གཞི་རྩའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་གཞིས་ཆགས་སུ་ཆིབས་ཞལ་བསྒྱུར་བ་མཐའ་མ་དེ་ཕྱི་ལོ་༢༠༡༥་ལོར་སྦེ་ལ་ཀོ་པི་ཆོས་སྡེ་བཀྲིས་ལྷུན་པོའི་འདུ་ཁང་དབུ་འབྱེད་དང་འབྲེལ་ལམ་རིམ་ཆེན་མོའི་གསུང་ཆོས་བཀྲིན་ཆེ་གནང་མཛད་པའི་ལོ་ངོ་༩་རྗེས། ད་ལན་གཞིས་ཁུངས་འདིའི་ནང་ཆིབས་ཞལ་བསྒྱུར་གནང་བ་ཞིག་ཡིན་པ་དང་། མགོན་པོ་གང་ཉིད་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་ཞལ་བསྒྱུར་བ་མཐའ་མ་དེ་ནི་ཕྱི་ལོ་༢༠༡༩་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་དུ་རྒྱ་གར་རྒྱལ་ཡོངས་ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་ཤེས་ཡོན་བརྗེ་ལེན་གྱི་བགྲོ་གླེང་ཐེངས་༥༢་པའི་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་བཀྲིན་ཆེ་གནང་མཛད་པའི་རྗེས་སུ་ད་ལན་རྒྱ་གར་ལྷོ་ཕྱོགས་སུ་ལོ་ངོ་ལྔའི་རྗེས་སུ་ཆིབས་ཞལ་བསྒྱུར་གནང་མཛད་པ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག
གསར་འགོད་པ། བསྟན་འཛིན་ནོར་འཛོམས། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།