སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོཀ་མངའ་སྡེའི་ཨི་ཐ་ཀར་ཡོད་པའི་༧གོང་ས་༧སྐྱབས་མགོན་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་དུ་ཆིབས་བསྒྱུར་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཞབས་སོར་འཁོད་ནས་༧ཞབས་པུས་ཀྱི་འཕྲོད་བཞེས་ལེགས་པར་གྲུབ་ཡོད་ཅིང་། ད་རེས་དམངས་ཁྲོད་ཀྱི་མཛད་འཕྲིན་ཐོག་མ་འདི་ནིའུ་ཡོག་མངའ་སྡེའི་ཨི་ཐི་ཁ་ས་གནས་སུ་ཕྱག་བཏབ་པའི་༧གོང་ས་༧སྐྱབས་མགོན་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་དུ་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་ཆིབས་བསྒྱུར་མཛད་དེ་རབ་གནས་སོགས་ཀྱི་མཛད་རིམ་བསྐྱངས་ཡོད་པ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་ཡུལ་གྱི་ས་གནས་དེར་ཆིབས་བསྒྱུར་སྐབས་སྐུ་མགྲོན་ཁ་ཤས་དང་ས་གནས་བོད་མི་ཚོར་མཇལ་ཁ་སྩལ་ཡོད་པ་དང་། ད་ལྟ་ས་གནས་སུ་དང་བླངས་བོད་མི་རྣམས་ནས་གྲ་སྒྲིག་གང་ལེགས་གནང་བཞིན་པའི་ཐད་ཨི་ཐི་ཁ་ནང་རྟེན་གཞི་བྱས་པའི་རྣམ་རྒྱལ་གྲྭ་ཚང་ནང་བསྟན་སློབ་གཉེར་ཁང་གི་འགན་འཛིན་བསྟན་འཛིན་ཆོས་བཟང་ལགས་ཀྱིས་གསུང་བྱུང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྟི་གནས་ཁང་འདིར་འདུས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ལ་༧གང་ཉིད་བཙན་བྱོལ་བ་ཆགས་པའི་རྗེས་སུ་འཛམ་གླིང་ཡུལ་གྲུ་མང་པོར་༧ཆིབས་སྒྱུར་མཛད་དེ། ནང་པ་སངས་རྒྱས་པའི་བསྟན་པ་དང་རིག་གཞུང་གི་ཆ་ནས་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་ཐུབ་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་གཞོན་ནུའི་དུས་ནས་བོད་ཀྱི་མདོ་སྟོད་སྨད་དང་། དབུས་གཙང་གི་ས་ཁུལ་གང་སར་ཆིབས་སྒྱུར་མཛད་དེ། བོད་མི་ཡོངས་ཀྱི་ཆིག་སྒྲིལ་གྱི་ཐོག་ལ་དགོངས་བཞེད་ཡོད་པ་བཀའ་གནང་ཞིང་། ད་ལྟའི་ཆར་འཛམ་གླིང་ས་ཕྱོགས་གང་སར་ཆིབས་སྒྱུར་གྱི་ཕན་སེམས་ཀྱི་བསླབ་བྱ་དང་། བྱམས་དང་སྙིང་རྗེའི་བསླབ་བྱ་ཁྱབ་སྤེལ་མཛད་དེ་ཕན་ཐོགས་གང་འཚམས་བྱུང་ཡོད་པས། མུ་མཐུད་མཛད་འཕྲིན་སྐྱོང་གནང་མཛད་རྒྱུ་ཡིན་པ་བཀའ་བཞེས་ཟབ་མོ་ཐོབ་ཡོད་ཅིང་། མཇུག་ཏུ་དད་ལྡན་སེར་སྐྱ་མང་ཚོགས་ལ་ཐུབ་པའི་མཚན་སྔགས་དང་། མ་ཎི་དང་། གུ་རུའི་གཟུངས་སྔགས། རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་ཀྱི་ལྗགས་ལུང་བཅས་ཆོས་འབྲེལ་ཐུང་ཙམ་བསྐྱངས་གནང་མཛད་ཡོད་པ་རེད།

དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་བཙུགས་པའི་དཔེ་མཛོད་ཁང་དང་ཤེས་ཡོན་ལྟེ་གནས་ཁང་གཉིས་ལེགས་གྲུབ་རྗེས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ཐེངས་ས་གནས་དེར་ཆིབས་བསྒྱུར་མཛད་པ་ཐོག་མ་དེ་ཡིན་པས་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་ལ་རབ་གནས་དང་དེ་བཞིན་སྦྱིན་བདག་དང་ས་གནས་བོད་མིར་མཇལ་ཁ་སྩལ་གནང་ཡོད་ཅིང་། མངའ་སྡེ་གཞུང་དང་དང་བླངས་བ་སོགས་ནས་༧གོང་ས་མཆོག་གི་༧སྐུ་ཕྱྭའི་སྲུང་ཆའི་ལས་དོན་ཞུ་སྒོ་སོགས་ཀྱི་གྲ་སྒྲིག་ཚགས་ཚུད་ཡོད་པ་གསུངས་ཀྱང་གསུངས་བྱུང་།།
གསར་འགོད་པ། སྒྲོལ་དཀར། ནོར་སྡེ་སྒྲོལ་མ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།