༸གོང་ས་མཆོག་གི་སལ་ཝན་སློབ་གྲྭའི་ནང་གི་མཛད་འཕྲིན།
2017.11.19

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་Gyan Devi Salwan Public School ཞེས་པའི་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ལེགས་བཤད་དེ་དག་སླར་གསོ་དགོས་གལ་སྐོར་བཀའ་སློབ་སྩལ་འདུག
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་གྲྭ་དེའི་ནང་༸ཞབས་སོར་འཁོད་སྐབས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་བཞག སློབ་གྲྭའི་འགན་འཛིན་ Kirpal Singh མཆོག་གིས་ཏཱ་ལའི་བླ་མ་མཆོག་ནི་བྱམས་བརྩེའི་བདག་ཉིད་ཀྱི་ཞི་བདེའི་དེད་དཔོན་ཞིག་དང་། འཛམ་གླིང་ཁྱོན་ཡོངས་སུ་ངོས་འཛིན་ཧ་ཅང་ཞུ་ཡུལ་ཆོས་ཕྱོགས་ཀྱི་རླབས་ཆེན་དབུ་ཁྲིད་ཅིག་ཡིན་པ་མ་ཟད། མང་གཙོའི་རིང་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གྱིས་མང་གཙོ་གོང་འཕེལ་གཏོང་གནང་མཛད་མཁན་ཞིག་ཀྱང་ཡིན་པའི་ངོ་སྤྲོད་གསུངས་བཤད་གནང་རྗེས་ ༸གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་ནང་། གནའ་རབས་ཀྱི་ལེགས་བཤད་སྤྱི་དང་ལྷག་པར་ཚད་མ་རིག་པའི་རྣམ་གཞག་ལ་སློབ་སྦྱོང་བྱ་དགོས་པའི་དུས་ལ་བབ་ཡོད་པ་དང་ ཆོ་ག་ཕྱག་ལེན་ཙམ་དང་ཞལ་འདོན་བཏོན་པ་ཙམ་གྱིས་འདང་གི་མེད་པ་དང་། འགྲོ་བ་མི་རིགས་ཐེར་འབུམ་བདུན་ལ་ཞབས་འདེགས་རྒྱ་ཆེ་བསྒྲུབ་དགོས་ན་ལེགས་བཤད་དེ་དག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་གནང་བཞག གསར་འགོད་པ་ཚེ་དབང་དངོས་གྲུབ།