སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༨༠ ཡན་དང་དམིགས་བསལ་དགོས་མཁོ་ཅན་གྱི་བོད་མི་ཁྱོན་ ༣༠༠ ལྷག་ཙམ་ལ་མཇལ་ཁ་སྩལ་བ།

ཟླ་བ་འདིའི་ཕྱི་ཚེས་ ༦ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༡ ཚེས་ ༨ ནས་བཟུང་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་བདུན་རེའི་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་སོ་སོར་རྒྱུན་ལྡན་མང་ཚོགས་ལ་མཇལ་ཁ་བསྩལ་གནང་རྒྱུ་ཡིན་པ་དང་། ཐོག་མར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་བོད་རིགས་དགུང་ལོ་ ༨༠ ཡན་ལ་མཇལ་ཁ་བསྩལ་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་བཞིན། འདི་ཚེས་ ༨ ཉིན་སྦེལ་ཀོབ་གདན་ས་བཀྲིས་ལྷུན་པོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་མཇལ་ཁ་ཐོག་མར་དེ་བཞིན། སྦེ་ལ་ཀོ་པི་བདེ་སྐྱིད་སླར་གསོའི་ཁྱབ་ཁོངས་བོད་མི་དགུང་ལོ་༨༠་ཡན་དང་དབང་པོ་སྐྱོན་ཅན་དང་ནད་པ་སོགས་ཁྱོན་བོད་མི་གྲངས་༣༠༠ལྷག་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།

འདི་ག་གསར་འགོད་པས་མཇལ་བཅར་བ་བོད་མི་བགྲེས་སོང་ཕོ་མོ་ཁག་གཅིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཐོབ་པར་ཚོར་སྣང་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར། སྦེ་ལ་ཀོ་པི་བདེ་སྐྱིད་སླར་གསོའི་ཁྱབ་ཁོངས་ཨ་མ་ཚེ་དབང་དཔལ་མོ་ལགས་དང་ཅོ་བློ་གྲོས་ལགས། དེ་བཞིན་ཨ་མ་དབྱངས་འཛོམས་ལགས་བཅས་ནས་ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་བསྐལ་པ་བཟང་པོ་བྱུང་ཞིང་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། སྦེ་ལ་ཀོ་པི་གཞིས་ཁུངས་རྒས་གསོ་ཁང་གི་བོད་མི་བགྲེས་སོང་ ༣༦ དང་ལས་བྱེད་ ༡༡ ལ་མཇལ་ཁ་སྩལ་ཡོད་པའི་ཁོངས། བགྲེས་སོང་སྐལ་བཟང་བསྟན་དར་ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་སྐབས་དགའ་ཚོར་གྱི་ཚོར་སྣང་ཆེན་པོ་བྱུང་ཡོད་སྐོར་ངོ་སྤྲོད་དང་འབྲེལ་མགོན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུས་སོང་།

གཞན་ཡང་ཐེངས་འདིར་ཨ་རི་ནས་བོད་མི་ཁག་གཅིག་དང་རྒྱ་གར་ཧི་མ་ལ་རི་རྒྱུད་སོགས་ནས་དད་པ་ཁག་གཅིག་ལ་ཡང་མཇལ་ཐོབ་ཡོད་པ་ལས། ཨ་རི་ནིའུ་ཇར་སི་ནས་ཡིན་པ་ཆོས་འཕེལ་ལགས་ཀྱིས། དེ་རིང་༸གོང་ས་མཆོག་གི་ཞལ་མཇལ་ཐོབ་པ་ནི་བསོད་ནམས་ཀྱི་གོ་སྐལ་ཞིག་ཡིན་པའི་ངོས་འཛིན་གནང་གི་འདུག

སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པ་ལྟར་ན། འདི་ཚེས་ ༦ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་གནང་དོན་ལྟར་བདུན་ཕྲག་གཅིག་གི་ནང་ཉིན་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་རྒྱུ་ཡིན་པ་ལས། ཐོག་མར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་བོད་རིགས་དགུང་ལོ་ ༨༠ ཡན་ལ་མཇལ་གནང་རྒྱུ་ཡིན་ཞིང་། མཇལ་ཁའི་ཐོ་འགོད་ཡང་གནང་ཕྱོགས་ཡང་མང་ཚོགས་ནས་རང་ཉིད་ཀྱི་ལྷོ་ཕྱོགས་གཞིས་ཁུངས་སོ་སོར་ཐོ་འགོད་གནང་དགོས་པ་དང་། དེ་མིན་རྒྱ་གར་དང་ཕྱི་རྒྱལ་མི་རིགས། དེ་བཞིན་བྱང་ཨ་རི་སོགས་ཕྱི་རྒྱལ་ནས་ཕེབས་པའི་བོད་རིགས་མཇལ་ཞུ་བ་ཚོས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གློག་འཕྲིན་ཁ་བྱང་དང་ཞལ་པར་ཨང་གྲངས་གང་རུང་གི་ཐོག་ཐོ་འགོད་གནང་དགོས་པའི་གསལ་བསྒྲགས་ལྟར་གནང་དགོས་པའི་འགྲེལ་བརྗོད་གནང་བྱུང་།

རྩ་བའི་སང་ཉིན་ཕྱི་ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་བཀྲ་ཤིས་ལྷུན་པོར་སྔ་དྲོའི་ཆུ་ཚོད་ ༩ ནས་ ༩།༤༥ བར། བོད་ཀྱི་སྟོད་དིང་རི་གཙོས་གཞིས་ཀ་རྩེ་སོགས་ས་གནས་ཁག་ཅིག་ནང་འདི་ཚེས་ ༧ ཉིན་ས་ཡོམ་ཤུགས་ཆེར་བརྒྱབ་སྟེ་རྐྱེན་འདས་དང་། རྨས་སྐྱོན་ཕོག་པ། ཁང་ཁྱིམ་གཏོར་བཤིག་ཚབས་ཆེ་བྱུང་བ་བཅས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོག་རྒྱུ་ཡིན་པ། དགའ་ལྡན་ཕོ་བྲང་ནས་གསལ་བསྒྲགས་སྤེལ་གནང་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།