༧གོང་ས་མཆོག་ནས་ཡེ་ཤུ་ཆོས་དཔོན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་སྐུ་གཤེགས་པའི་ཐུགས་གསོའི་གསུང་འཕྲིན་བསྩལ།

ཕྱི་ཟླ་༡༢ཚེས་༢༦ཉིན་ལྷོ་ཨ་ཧྥི་རི་ཁའི་ཡེ་ཤུ་ཆོས་དཔོན་དང་མི་རིགས་དབྱེ་འབྱེད་འཐབ་རྩོད་གནང་མཁན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཁན་སྐུ་ཞབས་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་(Archbishop Desmond Tutu)མཆོག་དགུང་གྲངས་༩༠སྟེང་སྐུ་གཤེགས་པའི་གནས་ཚུལ་ཐོན་རྗེས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དམ་པ་ཁོང་ཉིད་ཀྱི་སྲས་མོ་ལྕམ་སྐུ་མི་ཧྥོ་ཊུ་ཊུ་(Rev. Mpho Tutu)ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་གནང་ཡོད་པ་དང་། གསུང་འཕྲིན་ནང་ངོས་ཀྱིས་སྐུ་ཉིད་ལ་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ལགས་ན་སྐུ་ཉིད་ཀྱིས་དང་ལེན་གནང་རོགས་གནང་ཞེས་ཞུ་རྒྱུ་དང་། གཞན་སྐུ་ཉིད་ཀྱི་མ་ཡུམ་གྱིས་གཙོས་ནང་མི་སྤུན་མཆེད་གཞན་རྣམས་ལའང་དེ་ལྟར་ཞུ་རོགས། ངོས་ཀྱིས་སྐུ་ཉིད་ཀྱི་ཡབ་དམ་པ་མཆོག་ལ་ཐུགས་སྨོན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད་སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར་ད་བར་སྐུ་ཉིད་ཀྱི་ཡབ་དམ་པ་མཆོག་དང་ངོས་གཉིས་ནས་བློས་ཐུབ་ཀྱི་གྲོགས་པོའི་འདུ་ཤེས་ལོངས་སུ་སྤྱོད་རྒྱུ་བྱུང་བས་དགའ་པོ་བྱུང་། ཕྱི་ལོ་༢༠༡༥ལོར་རྡ་སར་ངོས་གཉིས་ཀྱིས་བདུན་ཕྲག་གཅིག་རིང་གི་དུས་ཚོད་བཏང་སྟེ། འཛམ་གླིང་ཞི་བདེ་དང་བདེ་སྐྱིད་གོང་མཐོར་ཇི་ལྟར་གཏོང་རྒྱུའི་སྐོར་བསམ་བློ་བརྗེ་རེས་བྱས་པ་མཚོན། ཐེངས་མང་པོའི་རིང་མཉམ་དུ་དུས་ཚོད་བཏང་བ་ངོས་ཀྱིས་ཡིད་ལ་དྲན་གྱི་ཡོད་ཅེས་གསུངས་འདུག
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ངོས་གཉིས་བར་གྲོགས་པོའི་འདུ་ཤེས་དང་ཆོས་ཕྱོགས་ཀྱི་འབྲེལ་བ་དམིགས་བསལ་ཞིག་ཡོད་པ་དེ་ནི་ངོས་གཉིས་ནས་གཙིགས་ཆེར་བརྩིས་ཡོད་ལ། ཊུ་ཊུ་མཆོག་ནས་ཁོང་གི་སྐུ་ཚེ་ཧྲིལ་བོ་མཆེད་གྲོགས་ཕོ་མོ་རྣམས་ཀྱི་ཐུན་མོང་གི་ཁེ་ཕན་ཆེན་པོའི་དོན་དུ་བློས་བཏང་གིས་ཞབས་འདེགས་བསྒྲུབས་ཡོད། དམ་པ་ཁོང་ནི་དངོས་གནས་འགྲོ་བ་མིའི་བདེ་སྡུག་ལ་ཐུགས་ཁུར་གནང་མཁན་དང་། དམ་བཅའ་བརྟན་པོའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ཞིག་ཆགས་ཡོད་ཅེས་གསུངས་འདུག
མཇུག་ཏུ་༧གོང་ས་མཆོག་ནས་དམ་པ་ཁོང་གིས་བདེན་པ་དང་བར་འདུམ་སླད་ཕྱག་ལས་གནང་བ་ནི་འཛམ་གླིང་གི་མི་གཞན་རྣམས་ལ་སེམས་ཤུགས་བསྐྱེད་སའི་འབྱུང་རྩ་ལྟ་བུ་ཞིག་ཆགས་ཡོད། དམ་པ་ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་པ་ནི་ང་ཚོར་མཚོན་ན་རླབས་ཆེན་གྱི་མི་སྣ་ཞིག་སྐུ་གཤེགས་པ་ཆགས་ཡོད། ཁོང་གིས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་ལ། ཁོང་གིས་འགྲོ་བ་མི་གཞན་དག་གི་ཆེད་བློས་བཏང་གིས་ཞབས་འདེགས་བསྒྲུབས་ཡོད་པ་དང་། ལྷག་པར་ཁོང་གིས་སྐྱབས་མེད་མགོན་མེད་རྣམས་ཀྱི་ཆེད་དུ་ཞབས་འདེགས་བསྒྲུབས་ཡོད། ང་ཚོས་དམ་པ་ཁོང་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡག་ཤོས་དེ། ཁོང་གི་སྙིང་སྟོབས་མི་ཉམས་རྒྱུན་འཛིན་ཞུ་རྒྱུ་ནི་ཁོང་གིས་ཕྱག་ལས་གནང་བ་ལྟར་ང་ཚོས་ཀྱང་དེ་ལྟར་ལག་བསྟར་ཞུས་ཏེ་རྒྱུན་དུ་གཞན་ལ་རོགས་རམ་ཇི་ལྟར་ཞུ་རྒྱུའི་སྐོར་བལྟ་དགོས། ཞེས་བཀོད་ཡོད་པ་རེད།