འབྲུག་གསང་སྔགས་ཆོས་གླིང་དང་འབྲུག་ཨ་མི་ཊ་པ་བཙུན་དགོན་གདན་ས་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག

2025.04.01
འབྲུག་གསང་སྔགས་ཆོས་གླིང་དང་འབྲུག་ཨ་མི་ཊ་པ་བཙུན་དགོན་གདན་ས་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག འབྲུག་གསང་སྔགས་ཆོས་གླིང་དང་འབྲུག་ཨ་མི་ཊ་པ་བཙུན་དགོན་གདན་ས་གཉིས་ཀྱིས་བརྟན་བཞུགས་སྒྲུབ་ཞག་གནང་སྐབས། ༢༠༢༥།༠༤།༠༡ ཉིན།
Photo: RFA

ཟླ་ ༤ ཚེས་ ༢ རེས་གཟའ་ལྷག་པའི་ཉིན་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་དུ་རྟེན་གཞི་བྱས་པའི་འབྲུག་གསང་སྔགས་ཆོས་གླིང་དང་བལ་ཡུལ་གྱི་འབྲུག་ཨ་མི་ཏ་བྷ་བཙུན་དགོན་གཉིས་གཙོ་བོ་འགྱུར་བའི་ཡོན་བདག་རྣམས་ནས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འདི་ལོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་དང་བསྟུན། མགོན་པ་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་ཆེད་དུ་ཚེ་དཔག་མེད་ཞི་ཁྲོ་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག་པས། འདི་ཚེས་ ༣༡ དང་ཟླ་ ༤ ཚེས་ ༡ བཅས་ཉིན་གྲངས་གཉིས་ཀྱི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་གནང་སོང་།

WhatsApp Image 2025-04-01 at 1.29.49 PM (1).jpeg
འབྲུག་གསང་སྔགས་ཆོས་གླིང་དང་འབྲུག་ཨ་མི་ཊ་པ་བཙུན་དགོན་གདན་ས་གཉིས་ཀྱིས་བརྟན་བཞུགས་སྒྲུབ་ཞག་གནང་སྐབས། ༢༠༢༥།༠༤།༠༡ ཉིན།

ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་གྱི་ཐུགས་འགན་བཞེས་མཁན་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླིུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལྟར་ན། བརྟན་བཞུགས་བསྟར་འབུལ་དེ་བཞིན་དོན་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པའི་མངའ་བདག་དཔལ་༸རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གི་ཐུགས་སྨོན་དང་བཀའ་དགོངས་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན་ནས་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གོ་སྐབས་ཐོབ་པ་ནི་བསྐལ་བ་བཟང་ཡིན་ཞེས་དང་། ང་ཚོ་ཚང་མའི་ལས་དང་སྨོན་ལམ། དེ་བཞིན་བསོད་ནམས་ལ་བརྟེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ བར་སྐུ་འཚོ་བཞུགས་མཛད་པ་དེ་ནི་བསྐལ་བ་བཟང་པོ་ཡིན་པ་དང་། ད་དུང་མུ་མཐུད་སྐུ་ཚེ་ཡུན་རིང་བརྟན་སླད་རྡོག་རྩ་གཅིག་སྒྲིལ་ཐོག་སྨོན་ལམ་དང་བརྟན་བཞུགས་བསྟར་འབུལ་ཞུ་དགོས་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་བྱུང་།

རྩ་བའི་ཐེངས་འདིར་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་དུ་རྟེན་གཞི་བྱས་པའི་འབྲུག་གསང་སྔགས་ཆོས་གླིང་དང་བལ་ཡུལ་གྱི་འབྲུག་ཨ་མི་ཏ་བྷ་བཙུན་དགོན་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་ཆེད། དགེ་བཙུན་དང་ཡོན་བདག་བཅས་མི་གྲངས་ ༤༠༠ མ་ཟིན་ཙམ་ཞིག་བཞུགས་སྒར་དུ་ཕེབས་ཡོད་པ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎