ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསར་མཇལ་ཞུས་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་གཙོས་པའི་མེཀཱ་སྨན་ཁང་གི་སྨན་པ་པྲ་དེབ་ཅུ་བྷེ་ལགས་དང་། ཕྱི་ནང་གི་དད་ལྡན་པ་ ༣༠༠ ལྷག་ལ་མཇལ་ཁ་སྩལ་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་པ་ཆེ་བ་དང་གཞན་གཉིས་ནས་ལས་འཁུར་དམ་འབུལ་ཞུས་པའི་རྗེས་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༡ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་མཇལ་ཁ་ཐོག་མར་དེ་ཞུས་གནང་ཡོད་ཅིང་། མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་རྣམ་གཉིས་ལ་གསར་མཇལ་སྐོར་བཀའ་དྲི་ཞུས་པར། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱིས། ཐེངས་འདིར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བདམས་ཐོན་ལས་ཁུར་དབུ་འཛུགས་ཞུས་རྗེས་གསར་མཇལ་ཞུ་བར་བཅར་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་གནང་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་ལྟར། ཐེངས་འདིར་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བཅས་ནས་ལས་ཁུར་དབུ་བཙུགས་པའི་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསར་མཇལ་ཞུ་བར་ཕེབས་ཡོད་པ་དང་། དེ་དང་ཆབས་ཅིག་ཁོང་རྣམས་ནས་མགོན་པོ་མཆོག་ལ་ཞུ་སྙན་ཞིག་ཀྱང་ཕུལ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཐེངས་འདིའི་མང་མཇལ་ཁྲོད་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཁྲིས་རྡོ་གཤག་བཅོས་གནང་མཁན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Max Hospital)མེཀཱ་སྨན་ཁང་གི་སྨན་པ་པྲ་དིབ་ཅུ་བྷེ་(Pradeep Chowbey)ལགས་ཀྱིས། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཁྲིས་རྡོ་གཤག་བཅོས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་ལ། སྤྱི་ནོར་༸གོང་ས་༸སྐྱོབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་བྱུང་ནས་བཟུང་ང་དང་ངའི་ནང་མིའི་མི་ཚེར་དམིགས་བསལ་གྱི་འགྱུར་བ་ཆེན་པོ་ཕྱིན་སོང་། ལྷག་པར་དུ་ང་ཚོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞུགས་པའི་དུས་སུ་སྐྱེ་བ་ཐོབ་པ་ནི་ཤིན་ཏུ་བསོད་ནམས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ངའི་མི་ཚེའི་ནང་མི་སྣ་གྲགས་ཆེན་མང་དག་འཕྲད་མྱོང་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་བྱུང་བ་དེ་གཞན་དང་མི་འདྲ་བའི་དམིགས་བསལ་ཞིག་བྱུང་། ངས་དུས་རྒྱུན་ནས་མགོན་པོ་མཆོག་གི་གསུང་ཆོས་མང་པོ་ཉན་གྱི་ཡོད་ལ། དེས་ངའི་མི་ཚེའི་ནང་ཕན་རླབས་ཆེན་པོ་བྱུང་སོང་བས། སྐྱེ་འགྲོ་ཡོངས་ནས་མགོན་པོ་མཆོག་གི་གསུང་དེ་དག་ཉམས་ལེན་ཐུབ་ཚེ་མི་ཚེའི་ནང་ཕན་ཐོགས་ཆེན་པོ་འོང་ངེས་རེད། ཅེས་དང་། དེ་བཞིན་ཁོང་གིས་ད་ལྟའི་ཆར་མགོན་པོ་མཆོག་གི་སྐུ་ནའི་བབ་ལ་གཞིགས་པའི་སྐུའི་འཕྲོད་བཞེས་ཅ་ཧང་བཟང་པོ་ཡོད་པ་གསུང་གི་འདུག
མ་ཟད་ཐེངས་འདིའི་མང་མཇལ་ཁྲོད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་ནས་ཡིན་པའི་བཙུན་མ་འཇམ་དབྱངས་ཆོས་སྐྱིད་ལགས་ཀྱིས། ཁོ་མོ་ཕྱི་ལོ་ ༢༠༠༦ ལོར་བོད་ནས་འབྱོར་བ་ནས་བཟུང་ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་ད་བར་རྒྱ་གར་ལུང་པའི་ནང་བོད་ཀྱི་ཆོས་དང་། རིག་གཞུང་སློབ་གཉེར་བྱ་རྒྱུའི་གོ་སྐབས་བཟང་པོ་བྱུང་ཡོད་ལ། ཁོང་དང་ཁོང་གི་ལས་རོགས་རྣམས་ཀྱིས་ལོ་མང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་འདོད་ཡོད་པ་ལྟར། དེ་རིང་དངོས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པས་ཐུགས་ཚོར་ཆེན་པོ་བྱུང་ཞིང་། མགོན་པོ་མཆོག་སྐུ་ཚེ་བདེ་ཐང་ཡོང་བའི་ཐུགས་སྨོན་གནང་གི་འདུག
རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ནས་ཡིན་པའི་པདྨ་མཁའ་འགྲོ་ལགས་ཀྱིས། ཁོང་ནས་ཚེ་འདིར་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་བསྐལ་བ་བཟང་པོ་དང་བྱིན་རླབས་ཆེན་པོ་བྱུང་ཞིང་། ཁོང་དང་ཡུལ་ལུང་གཅིག་པའི་ཡུལ་མི་ཐེ་བའི་དད་ལྡན་པ་རྣམས་མགོན་པོ་མཆོག་གི་ཞལ་མཇལ་ཞུ་བར་བཞུགས་སྒར་རྡ་རམ་ས་ལར་ངེས་པར་དུ་བཅར་དགོས་པའི་སྐུལ་མ་གནང་སོང་།
གཞན་ཡང་ཨོ་གླིང་ནས་ཡིན་པའི་ཆབ་སྲིད་བཙོན་པ་བླ་མ་བློ་བཟང་བསྟན་དར་ལགས་ཀྱིས། ཁོང་དང་ལྷན་དུ་ཨོ་གླིང་དུ་ཡོད་པའི་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ནས་གཙོ་བོ་འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་བསྟུན་མཇལ་ཁར་བཅར་ཡོད་ཅིང་། ད་ཆ་མཇལ་ཁ་ཐོབ་པར་ཚད་ལས་བརྒལ་བའི་དགའ་ཚོར་ཆེན་པོ་བྱུང་ལ། མགོན་པོ་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་གྲུབ་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་ལམ་ཡོད་ཅེས་གསུངས་བྱུང་།
གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམ་མེད་ཀྱིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བདུན་ཕྲག་རེའི་ནང་ཐེངས་གསུམ་རེར། འཛམ་གླིང་ཡུལ་གྲུ་གང་ས་ནས་ཆེད་བཅར་གྱི་དད་ལྡན་པ་བརྒྱ་ཕྲག་དུ་མར་ཆད་མེད་དུ་མཇལ་ཁ་དང་བཀའ་སློབ་སོགས་སྩལ་གྱི་ཡོད་པ་བཞིན། ཐེངས་འདིའི་མཇལ་ཁའི་ཁྲོད་རྒྱ་བལ་འབྲུག་གསུམ་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་ས་ནས་ཆེད་དུ་ཕེབས་པའི་དད་ལྡན་པ་ ༣༠༠ ལྷག་ཙམ་ཞིག་ལ་མཇལ་ཁ་སྩལ་གནང་མཛད་སོང་། །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།