སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱི་ལོ་གསར་ཚེས་ཉིན་སྐུ་ཁམས་གསལ་ཐང་ངང་ཕྱི་ནང་གི་མང་ཚོགས་ ༢༥༠ ཙམ་ལ་མཇལ་ཁ་རྩལ་གནང་མཛད་པ།
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ཉིན་བཞུགས་སྒར་ཕོ་བྲང་དུ་ཕྱི་ལོ་གསར་ཚེས་ཀྱི་མཛད་རིམ་དང་པོར་སྐུ་ཁམས་གསལ་ཞིང་ཞལ་མདངས་རྒྱས་པའི་ངང་ཕྱི་ནང་མི་མང་ ༢༥༠ ཙམ་ལ་མཇལ་ཁ་རྩལ་གནང་པ་དང་། དེའི་ཁོངས་ནས་དད་ལྡན་པ་མང་པོ་ཞིག་བལ་པོའི་མི་རིགས་ཡིན་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡ ཚེས་ ༣ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཞལ་བསྒྱུར་གནང་གི་ཡོད་ཅིང་། ཕྱི་ཟླ་ ༡ ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀོ་པིའི་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་གནང་རྒྱུ་ཡིན་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱའི་ཐོག་གསལ་བསྒྲགས་སྤེལ་འདུག་ལ། གདན་ས་བཀྲིས་ལྷུན་པོར་བཞུགས་གནས་གྲ་སྒྲིག་ཞུ་བཞིན་ཡོད་ཅིང་། ཁུལ་དེར་དུས་ཡུན་རིང་ཙམ་བཞུགས་གདན་འཇག་གནང་མཛད་རྒྱུ་ཡིན་འདུག འོན་ཀྱང་ད་ལྟའི་ཆར་མཛད་འཆར་སོགས་དམིགས་བསལ་གསལ་བསྒྲགས་གནང་མེད་ལ། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རེས་ལྷོ་ཕྱོགས་སུ་ཆིབས་སྒྱུར་བསྐྱང་རྒྱུ་འདི་གཙོ་བོ་བཞུགས་སྒར་རྡ་རམ་ས་ལར་གནམ་གཤིས་གྲང་ངར་ཆེ་བ་དང་། ལྡི་ལིར་ཁོར་ཡུག་འབག་བཙོག་སོགས་ཀྱི་རྐྱེན་གྱིས་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱང་སྟེ་གཙོ་བོ་སྐུ་ངལ་གསོ་བཞུགས་མཛད་རྒྱུ་དེ་ཡིན་པ་གསུངས་བྱུང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༦ ནས་ ༨ པའི་བར་ཨ་རིའི་ནིའུ་ཡོག་མངའ་སྡེ་དང་གྲོང་ཁྱེར་བཅས་སུ་སྐུ་བཞུགས་མཛད་དེ་༧སྐུའི་ཞབས་པུས་གཤགས་བཅོས་མཛད་དེ་དྭངས་སྐྱེད་ཡག་པོ་ཕེབས་ཡོད་ཅིང་། ཕྱི་ཟླ་ ༨ པའི་ནང་ཨ་རི་ནས་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་པའི་རྗེས་ད་རེས་བཞུགས་སྒར་གྱི་ཕྱི་ཕྱོགས་རྒྱང་ཐག་རིང་པོར་ཆིབས་སྒྱུར་གནང་རྒྱུ་འདི་ཐོག་མར་ཆགས་ཀྱི་ཡོད་ལ། བཞུགས་སྒར་དུ་སྐུ་བཞུགས་མཛད་རིང་བདུན་ཕྲག་གཅིག་ནང་ཐེངས་གཉིས་གསུམ་རེ་ཕྲོ་བྲང་དུ་གལ་ཆེའི་དཔོན་རིགས་དང་མི་མང་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
ཁ་སྣོན་གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན