༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༢༠༢༥ལོའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་འདུག

2025.03.31
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༢༠༢༥ལོའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མར་ཁུ་རི་གཟེངས་རྟགས་འབུལ་བཞེས་སྐབས། ༢༠༢༥།༠༣།༣༡ ཉིན།
Photo: RFA

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་བྱམས་སྙིང་རྗེ། ཁོར་ཡུག་སྲུང་སྐྱོབ་ཐད་ཐུགས་ཁུར་རྒྱ་ཆེ་བཞེས་པའི་མཛད་འཕྲིན་ལ་གཟེངས་བསྟོད་ཆེད། ཟླ་ ༣ ཚེས་ ༣༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། (Gold Mercury International) ཚོགས་པས། འདི་ལོར་སྐུའི་གོ་སྟོན་དང་བསྟུན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༢༠༢༥ལོའི་ (Gold Mercury Award) གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་སོང་། སྐབས་དེར་མགོན་པོ་མཆོག་གིས། ཨ་མས་ཕྲུ་གུའི་ཆེད་དུ་དཀའ་སྡུག་སྣ་མང་ལ་འཛེམས་མེད་ཀྱིས་བཟོད་སྲན་བྱེད་པ་ལྟར། འགྲོ་བ་མི་རྣམས་ནས་ཀྱང་བྱམས་བརྩེའི་བསམ་བློ་གོང་འཕེལ་གྱིས་སེམས་ཅན་ཐམས་ཅད་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐུབ་ཚེ། སེམས་ལ་ཞི་བདེ་ཐོབ་ངེས་ཡིན་པ་བཀའ་སྩལ་མཛད་འདུག

2025-03-31-Dharamsala-G03_SA12980.jpg
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མར་ཁུ་རི་གཟེངས་རྟགས་འབུལ་བཞེས་སྐབས། ༢༠༢༥།༠༣།༣༡ ཉིན།

གཟེངས་རྟགས་འབུལ་བཞེས་གྲུབ་རྗེས་ (Gold Mercury International) ཚོགས་པའི་ཚོགས་གཙོ་ནི་ཁོ་ལས་ཌི་སན་ཊིས་ (Nicolas De Santis) ཡིས། ཐེངས་འདིར་མར་ཁུ་རི་ཚོགས་པའི་ངོས་ནས་མགོན་པོ་མཆོག་ལ་ཕྱི་ལོ ༢༠༢༥ ལོའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་ཕུལ་དོན་ནི། མགོན་པོ་མཆོག་གིས་སྐུ་ཚེ་གང་བོར་འཛམ་གླིང་ཁྲོད་བྱམས་པ་དང་སྙིང་རྗེ། བོད་མཐོ་སྒང་གི་ཁོར་ཡུག་དེ་བཞིན་འཛམ་གླིང་གི་སྣེ་གསུམ་པ་ཡིན་པའི་ངོས་འཛིན་སྲུང་སྐྱོབ་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས་པར་བརྟེན་ཡིན་ཞིང་། ད་ལྟའི་གདུག་རྩུབ་ཆེ་བའི་འཛམ་གླིང་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཐོག་ཞི་བདེ་གོང་འཕེལ་མཛད་བཞིན་ཡོད་པས། མགོན་པོ་མཆོག་ནི་འཛམ་གླིང་འདིའི་ཐོག་གི་ཞི་བདེའི་མཚོན་རྟགས་གཅིག་དེ་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

2025-03-31-Dharamsala-G08_SA13048.jpg
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མར་ཁུ་རི་གཟེངས་རྟགས་ཚོགས་པའི་ཚོགས་གཙོ་ནི་ཁོ་ལས། ༢༠༢༥།༠༣།༣༡ ཉིན།

མ་ཟད་ཁོང་གིས། (Gold Mercury International) ཚོགས་པའི་ལས་འགན་གཙོ་བོ་ནི་འཛམ་གླིང་འདིར་ཞི་བདེ་དང་བྱམས་སྙིང་བརྗེ་སྤེལ་ཐབས་བྱ་རྒྱུ་དེ་ཡིན་པས། ང་ཚོས་རྒྱལ་སྤྱིའི་འགོ་ཁྲིད་རྣམས་ལ། འཚེ་མེད་ཞི་བའི་ལམ་ནས་འཛམ་གླིང་ཁྲོད་ཞི་བདེ་བསྐྲུན་ཐབས་བྱ་རྒྱུའི་ནི་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

གཞན་ཡང་ལྡི་ལིའི་ཊུ་ཤི་ཏ་སྒོམ་སྒྲུབ་བསྟི་གནས་ཁང་གི་འགན་འཛིན་རེ་ནུ་ཀ་སིངྷ་ལགས་ཀྱིས། (Gold Mercury International) ཚོགས་པས་གཟེངས་རྟགས་དེ་བཞིན་འཛམ་གླིང་ཁྲོད་ཞི་བདེ་དང་བྱམས་སྙིང་རྗེ་བསྐྲུན་མཁན་དང་། ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གནང་མཁན་གི་སྐྱེ་བོ་རྣམ་ལ་འབུལ་སྲོལ་ཡོད་པས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གནང་ཡོད་པར་བརྟེན། གཟེངས་རྟགས་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་ཡོད་ཅིང་། མགོན་པོ་མཆོག་ནི་བོད་པ་ཙམ་དུ་མ་ཟད་འཛམ་གླིང་ཀུན་གྱི་འགོ་ཁྲིད་ཡིན། ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞི་རྩའི་དེ་སྔོན་མར་ཁུ་རིའི་གཟེངས་རྟགས་དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་པ་ (Ronald Reagan) དང་ (Gerald Ford) གཉིས་ལ་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་ཆེད་ཁོང་ཚོས་ཕྱི་འབྲེལ་གྱིས་འབད་བརྩོན་ཞུས་པ་བཅས་མི་སྒེར་པ་ཁག་དང་གཞན་ཡང་རྒྱ་གྲམ་དམར་པོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་བཅས་རྒྱལ་སྤྱིའི་ཚོགས་སྡེ་བཅས་ལ་ཕུལ་ཡོད་པ་རེད་ལ། (Gold Mercury International) ཞེས་པའི་རྒྱལ་སྤྱིའི་ཚོགས་པ་དེ་བཞིན་ཕྱི་ལོ་ ༡༩༦༡ ལོར་གསར་འཛུགས་གནང་བ་ཞིག་དང་། འཛམ་གླིང་ཡོངས་ནས་ངོས་འཛིན་ཐོབ་པའི་རང་དབང་ཅན་གྱི་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎