༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་བཀྲ་ཤིས་ལྷུན་པོར། དགེ་འདུན་པ་ཉིས་བརྒྱ་ལྷག་ལ་དགེ་སློང་གི་སྡོམ་པ་འབོག་ཆོག་སྩལ་གནང་ཡོད་པ།

ཟླ་བ་འདིའི་ཚེས་ ༢༣ ཉིན་ནས་དབུ་བཙུགས་ཀྱིས། ཉིན་དྲུག་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ས་བཀྲིས་ལྷུན་པོའི་དགོན་པའི་ནང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གདན་ས་གྲྭ་ཚང་ཁག་གི་དགེ་འདུན་པ་ ༢༨༠ ཙམ་ཞིག་ལ་བསྙེན་རྫོགས་སྒྲུབ་གནང་རྒྱུ་དབུ་བཙུགས་གནང་ཡོད་ཅིང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྙེན་རྫོགས་སྒྲུབ་མཁན་དགེ་འདུན་པ་རྣམས་ལ་ལམ་སྟོན་གནང་བའི་ནང་། ད་ལྟའི་གནས་སྐབས་སུ་སངས་རྒྱས་ཀྱི་བསྟན་པར་ཞུགས་རྒྱུ་དང་ལྷག་པར་རབ་ཏུ་བྱུང་བ་རྣམས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་རྒྱུ་དེ་ཧ་ཅང་སྐལ་པ་བཟང་པོ་ཡིན་དུས། གོ་སྐབས་དེ་དམ་འཛིན་དགོས་སྐོར་ལམ་སྟོན་བཀྲིན་ཆེ་གནང་མཛད་ཡོད་སྐོར། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གོང་ཞུས་ལྟར་ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉིན་དྲུག་རིང་ཐུགས་གསེང་གི་དུས་སྐབས་སུ། གདན་ས་གྲྭ་ཚང་ཁག་གི་དགེ་འདུན་པ་ ༢༨༠ ཙམ་ཞིག་དགེ་སློང་གི་སྡོམ་པ་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་པ་ལས། དེ་རིང་ཉིན་དང་པོའི་རིང་སྦེ་ལ་ཀོ་པི་སེར་སྨད་གྲྭ་ཚང་གི་དགེ་འདུན་པ་ ༤༨ ཙམ་ཞིག་ལ་དགེ་སློང་གི་སྡོམ་པ་བསྩལ་གནང་མཛད་ཡོད་ཅིང་། དགེ་སློང་སྡོམ་པ་ཞུ་མཁན་རྣམས་ནས་རང་གི་བླ་མ་དགེ་བཤེས་རྣམ་པ་སོགས་ཀྱི་ལམ་སྟོན་ལྟར། དགེ་སློང་གི་སྡོམ་པ་ཞུ་རྒྱུ་དེ་ནི་གལ་གནད་ཆེན་པོ་ཞིག་དང་། དེ་ཡང་དམིགས་བསལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ཞུ་རྒྱུ་བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་དགེ་འདུན་པ་ཁྲི་གཉིས་ལྷག་ཙམ་ལ་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་ཡོད་པ་ཡང་སྟེང་རིན་པོ་ཆེ་མཆོག་གིས་གསུངས་བྱུང་།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།