༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྒྲུབ་བྱ་རྣམས་ནས་སངས་རྒྱས་ཀྱི་བསྟན་པར་ཡིད་སྨོན་ཙམ་མ་ཡིན་པར་ཉམས་ལེན་གནང་དགོས་གལ་ཆེ་བ་ཡིན་ཞེས་བཀའ་སྩལ་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་དགེ་འདུན་པ་ཁྱོན་ ༥༤ ལ་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་ཡོད་པ་དང་། སྐབས་དེར་མགོན་པོ་མཆོག་གིས། བསྒྲུབ་བྱ་རྣམས་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཡིད་སྨོན་བྱེད་པ་ཙམ་མ་ཡིན་པར་དངོས་སུ་ཉམས་ལེན་གྱིས་སྡོམ་ཁྲིམས་གཙང་མ་སྲུང་དགོས་གལ་ཆེ་ཞིང་། ལུས་ལ་ཆོས་གོས་བསྣམས་པ་ཙམ་མ་ཡིན་པར་སངས་རྒྱས་ཀྱི་བསྟན་པར་བསླབ་པ་སློབ་གཉེར་ལེགས་པར་གནང་སྟེ་དུས་རབས་དང་འཚམ་པའི་དགེ་འདུན་པ་ཞིག་གནང་དགོས་ཞེས་བཀའ་སྩལ་མཛད་ཡོད་པ། སྡོམ་པ་བཞེས་མཁན་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་ཡིན་པ་ཞི་བ་ལྷ་རིན་པོ་ཆེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་ཐེངས་འདིར་སྡོམ་པ་བཞེས་མཁན་གྲས་བསྟན་འཛིན་ཚེ་དཔལ་ལགས་ཀྱིས། སྤྱིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་ཐོབ་རྒྱུ་ཤིན་ཏུ་དཀའ་ནའང་། ཐེངས་འདིར་ཁོང་ལ་དེ་ལྟ་བུའི་བསྐལ་བཟང་གི་གོ་སྐབས་བྱུང་བ་ནི་ལས་བཟང་གི་འབྲས་བུ་སྨིན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཀྱི་འདུག་ལ། དེ་སྔ་ཕྱི་ལོ་ ༢༠༢༤ ལོར་བོད་ནས་གསར་དུ་འབྱོར་བའི་འབྲས་སྤུང་སྒོ་མང་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བསོད་ནམས་རྒྱམ་མཚོ་ལགས་ཀྱིས། བོད་ནང་དུ་མཚོན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་གསུང་ཆོས་ཞུ་རྒྱུ་ཕར་ཞོག ཐ་ན་མགོན་པོ་མཆོག་གི་སྐུ་པར་ཙམ་ཡང་འཇོག་རྒྱུའི་རང་དབང་མེད་པས། ཐེངས་འདིར་ཁོང་ལ་མགོན་པོ་མཆོག་གི་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་བཞེས་རྒྱུའི་གོ་སྐབས་བྱུང་བ་ནི་རང་ཉིད་ནས་བསོད་ནམས་དང་བསྐལ་པ་བཟང་པོར་ངོས་འཛིན་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཞིང་། གཞིས་བྱེས་མཉམ་འཛོམས་ཀྱི་དུས་བཟང་ཤར་བའི་སྨོན་འདུན་ཞུས་སོང་།
རྩ་བའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཟླ་ ༣ ཚེས་ ༡༡ ནས་དབུ་འཛུགས་ཀྱིས། ཉིན་གྲངས་བཞིའི་རིང་བསྒྲུབ་བྱ་ཁྱོན་ ༢༣༠ ལྷག་ཙམ་ཞིག་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།