༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་དབང་ཤུལ་ལམ་གྱི་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་སྩལ་འདུག
ཟླ་ ༤ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཉེ་ལམ་ཟླ་ ༣ ཚེས་ ༣༡ ནས་འགོ་འཛུགས་ཀྱིས་ཟླ་ ༤ ཚེས་ ༥ བར་ཉིན་གྲངས་དྲུག་རིང་། རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེའི་རྟ་དབང་རྫོང་ཁོངས་བྱེ་མ་ཐང་ས་གནས་ཀྱི་སྐས་འཛེགས་མ་ཎིར་རང་དབང་གི་ཤུལ་ལམ་ (Freedom Trail of the 14th Dalai Lama) ཞེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་རྒྱ་གར་དུ་ཕེབས་ལམ་རྗེས་དེད་ཀྱི་རྐང་འགྲུལ་ (Trek) གྱི་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་སྩལ་འདུག

གསུང་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དད་ལྡན་པ་ ༣༠༠ ཡིས་ཐེངས་འདིར་རང་དབང་གི་ཤུལ་ལམ་ (Freedom Trail ) གྱི་འགྲུལ་བཞུད་ཀྱི་ལས་འགུལ་ནང་མཉམ་བཞུགས་གནང་བ་དེས། ཕྱི་ལོ་ ༡༩༥༩ ལོའི་མགོན་པོ་མཆོག་གི་འགྲུལ་བཞུད་དེ་དང་། ལྷག་པར་མགོན་པོ་མཆོག་རྒྱ་གར་གྱི་ས་ཐོག་ཏུ་ཞབས་ཀྱིས་བཅག་མ་ཐག་ཐུགས་ལ་ཞི་བདེ་དང་རང་དབང་ལྡན་པའི་ཐུགས་ཚོར་དང་། ས་ཆ་གང་དུ་ཆིབས་བསྒྱུར་བསྐྱངས་སྐབས་ས་གནས་ཀྱི་མང་ཚོགས་ནས་དགའ་བསུ་གཡོ་བ་མེད་པ་གནང་བ་སོགས་ཕྱིར་དྲན་བྱུང་ཞེས་བཀའ་སྩལ་མཛད་འདུག
མ་ཟད་མགོན་པོ་མཆོག་གིས། གོམ་བགྲོད་དེའི་བརྒྱུད་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བ། འགྲོ་བ་མིའི་རིན་ཐང་སོགས་གོང་འཕེལ་དུ་འགྲོ་བར་ཕན་ཐོགས་དང་། ཞི་བདེ་ལྡན་དང་མཐུན་སྒྲིལ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་པའི་ཐུགས་སྨོན་མཛད་རྒྱུ་ཡིན་ཞེས་བཀའ་སྩལ་དང་སྦྲགས། “ངོས་ཀྱི་གོམ་བགྲོད་དེ་ནས་བཟུང་ད་བར་རྒྱ་གར་འཕགས་པའི་ཡུལ་ནི་ངའི་ནང་གཉིས་པ་ལྟ་བུར་ཆགས་ཡོད་པས། ངོས་ནས་རྒྱལ་ཁབ་དེའི་ནང་སྡོད་ཡུན་རིང་རང་གི་རྒྱལ་ཁབ་ཤོར་བའི་གོད་ཆག་ནི་ཕམ་ཁ་ལས་ལྷག་པའི་སྙིང་སྟོབས་ཅན་དུ་གྱུར་ཡོད་པར་ངོས་འཛིན་དང་། གཞན་ལ་རོགས་རམ་བྱ་རྒྱུའི་ཆོད་སེམས་བསྐྱར་བཟོ་བྱེད་པའི་གོ་སྐབས་ཤིག་ཏུ་གྱུར་ཡོད་” ཅེས་བཀའ་སྩལ་མཛད་འདུག
མཇུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མོན་གཙོས་པའི་རྒྱ་གར་གཞུང་དམངས་གཉིས་ཀྱིས་མགོན་པོ་༸གང་ཉིད་མཆོག་དང་བོད་མི་རྣམས་ལ་འདས་པའི་ལོ་ངོ་ ༦༦ རིང་རྒྱབ་སྐྱོར་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་མཛད་འདུག
གཞི་རྩའི་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེ་ཡིས་སྐས་འཛེགས་མ་ཎི་ས་ཁུལ་ནས་མོན་རྟ་དབང་བར་གྱི་ཕེབས་ལམ་དེ་བཞིན་རྒྱ་གར་གཞུང་གིས་ཧ་ཅང་རིན་ཐང་ཆེ་བའི་ས་ཚིགས་ཤིག་ཏུ་ངོས་འཛིན་གྱིས། ལོ་རྒྱུས་རང་བཞིན་ལྡན་པའི་ཕེབས་ལམ་ཞེས་ཉར་ཚགས་བྱས་ཏེ། ད་ཆ་མུ་མཐུད་ཡར་རྒྱས་གཏོང་མུས་ཡིན་ཞིང་། དེ་སྔ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་དེའི་ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་བོད་མཚོ་སྣ་ནས་རྒྱ་གར་གྱི་ས་ཐོག་ཏུ་ཐོག་མར་ཞབས་སོར་འཁོད་དེ། ཆུ་དྭངས་མོ་རུ་ཕེབས་འབྱོར་བྱུང་མཚམས་སུ་རྒྱ་གར་གཞུང་གིས་ (Assam Rifles) དམག་སྡེ་རུ་ཁག་ཅིག་ཆེད་གཏོང་གིས། མགོན་པོ་གང་ཉིད་མཆོག་ལ་ལོ་རྒྱུས་རང་བཞིན་གྱི་སྣེ་ལེན་ཞུས་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།