ཞིང་གཤེགས་དམ་པ་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཕུང་ཞུགས་འབུལ་ཞུས་པ།

2025.02.11
ཞིང་གཤེགས་དམ་པ་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཕུང་ཞུགས་འབུལ་ཞུས་པ། ༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཕུང་ཞུགས་འབུལ་ཞུས་སྐབས། ༢༠༢༥།༠༢།༡༡ ཉིན།
CTA

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༤༠ ཙམ་ལ་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་ཁོང་གི་བཞུགས་གནས་རྒྱ་གར་བྱང་ཤར་ཀ་ལོན་སྦུག་གི་ཡབ་གཞིས་སྟག་འཚེར་གཟིམས་ཤག་ཏུ་དགོངས་པ་རྫོགས་ཡོད་པ་ལྟར།  ཕྱི་ཟླ་ ༢ ཚེས་ ༡༡ ཉིན་གྱི་སྔ་དྲོཆུ་ཚོད་ ༦།༣༠ ཐོག་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཕུང་དམ་པ་ཁོང་གི་བཞུགས་གནས་གཟིམས་ཤག་ནས་གདན་ཞུས་ཀྱིས། སྟག་འཚེར་གཟིམས་ཤག་གི་མདུན་ཐང་དུ་ཁོང་གི་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་པ་རེད། སྐབས་དེར་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིསཀ་རྡོར་སྒང་གསུམ་ཁུལ་གྱི་བོད་མི་ཚང་མས་མཉམ་རུབ་ཐོག་ནས་སྐུ་ཕུང་ཞུགས་འབུལ་དང་འབྲེལ་བའི་ལས་དོན་གང་ལེགས་གནང་བར་ཡིད་རང་བསྔགས་བརྗོད་དང་། གཙོ་ཆེ་ཤོས་བོད་མི་ཚང་མས་དམ་པ་ཁོང་གི་དགོངས་གཞི་ལྟར་ཕྱག་ལས་གནང་གལ་ཆེ་བའི་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

476831664_1033910392105789_1230642716550512563_n.jpg
༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཕུང་ཞུགས་འབུལ་ཞུས་སྐབས། ༢༠༢༥།༠༢།༡༡ ཉིན།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིབོད་ཀྱི་ལོ་རྒྱུས་ཐོག་དཀའ་ངལ་ཆེ་བའི་དུས་སྐབས་སུ། རྒྱ་ནག་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཚང་བར་འབྲེལ་བ་གནང་ཐུབ་མཁན་དམ་པ་ཁོང་མ་གཏོགས་བྱུང་མེད་ཅེས་དང་། སྲིད་སྐྱོང་མཆོག་ནས་དེ་སྔ་ལོ་བཞི་ཙམ་སྔོན་ཉིན་གཉིས་ཙམ་རིང་ཁོང་གི་བཞུགས་གནས་སུ་བཅར་ཏེ་ཆུ་ཚོད་ ༡༣ ཙམ་བཅར་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་དང་འབྲེལ། དགུང་ལོ་ ༩༠ ལྷག་ལ་ཕེབས་པའི་སྐབས་སུའང་ཆབ་སྲིད་སོགས་ལ་ཐུགས་ཞིབ་གཏིང་གཟབ་གནང་གི་ཡོད་པ་ནི། དམ་པ་ཁོང་གིས་དེ་སྔ་སྲིད་སྐྱོང་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་ཆེད་བསྔགས་ཐུགས་རྗེ་ཆེ་ཞུ་རོགས་ཞེས་གསུངས་པ་ལས་གསལ་པོ་རྟོགས་ཐུབ་ཅེས་དང་། བོད་མི་རྣམས་ཀྱིས་དམ་པ་ཁོང་གི་སྐུ་ཚེའི་མཛད་པ་ནས་བསླབ་བྱ་བླང་དགོས་གལ་ཆེ་བ་ཡིན་ཞེས་གསུངས་བྱུང་།

ཞིང་གཤེགས་དམ་པ་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཕུང་ཞུགས་འབུལ་གྱི་ཆོས་ཕྱོགས་མཛད་སྒོའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུས་པའི། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། བོད་མི་མང་སྤྱི་འཐུས་རྣམ་པ་ཁག་ཅིག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ཤར་པ་མིག་དམར་ནོར་བུ་ (Mingma Norbu Sherpa) ལགས། འབྲས་ལྗོངས་མངའ་སྡེའི་གཞུང་གི་དགོན་གནས་བློན་ཆེན་བསོད་ནམས་བླ་མ་ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཨ་དྷི་ཏིཡཱ་ གྷོ་ལེ་ (Aditya Golay) ལགས་ཀྱིས་གཙོས་ས་གནས་ཀྱི་འབྲེལ་ཡོད་དཔོན་རིག་ཁག་ཅིག  དེ་བཞིན་དམ་པ་ཁོང་གི་ནང་མི་སྐུ་འཁོར། ཀ་རྡོར་སྒང་གསུམ་གྱི་ས་གནས་འགོ་འཛིན་དབུས་པས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། ས་གནས་བོད་རིགས་དང་ལྷ་ས་ཁ་ཆེ་བ་དང་ཡུལ་མི་བཅས་མི་གྲངས་ཆིག་སྟོང་བརྒལ་བ་འདུ་འཛོམས་གནང་ཡོད་འདུག

ཡང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ས་ཕྱོགས་གང་སར་༸སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་གདུང་སེམས་མཉམ་སྐྱེད་དང་མྱ་ངན་མཆོད་འབུལ་སྨོན་ལམ་ཚོགས་བཞིན་ཡོད་པ་ལྟར། ད་རེས་དམ་ཁོང་གི་སྐུ་ཕུང་ཞུགས་འབུལ་གྱི་དུས་ཚོད་དང་སྟབས་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོའི་ཆུ་ཚོད་ ༦།༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱིས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲིས་རྟགས་རྒྱ་ལགས་ཀྱིཞིང་གཤེགས་དམ་པ་ཁོང་སླར་ཡང་བོད་མིར་སྐུ་སྐྱེ་བཞེས་ཏེ། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྨོན་བཞིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཆེད་དུ་ཕྱག་ལས་གནང་མཁན་ཞིག་ཏུ་འཁྲུངས་རྒྱུ་དང་། དམ་པ་ཁོང་གི་སྐུ་འཁོར་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་ཆེད་དུ་མཆོད་འབུལ་སྨོན་ལམ་འདི་གོ་སྒྲིག་ཞུས་པ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ནི་ཕྱི་ལོ་ ༡༩༢༨ ལོར་བོད་མདོ་སྨད་སྟག་འཚེར་ཡུལ་དུ་འཁྲུངས་པ་དང་། དམ་པ་ཁོང་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གཅེན་པོ་བགྲེས་ཤོས་གཉིས་པ་དེ་ཡིན་ཞིང་། ཁོང་ནི་བོད་ནང་གི་བོད་པའི་ཆབ་སྲིད་དང་སྤྱི་ཚོགས་ལམ་ལུགས་ལ་བསྒྱུར་བ་གཏོང་རྒྱུ་དང་། བོད་ནང་རྒྱ་ནག་གི་དབང་བསྒྱུར་ལ་གདོང་ལེན་ཆེད་དྲག་པོའི་རོགས་རམ་འཚོལ་སྒྲུབ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག  རྒྱ་ནག་པེ་ཅིང་གཞུང་དང་ཞི་མོལ་འགོ་འཛུགས། དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་མིའི་འཐབ་རྩོད་སོགས་ཀྱི་ནང་དུས་སྐབས་མི་འདྲ་བ་སོ་སོར་འབད་བརྩོན་དང་ཐུགས་འགན་རྐང་བཞེས་གནང་མཁན་གྱི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེ་ཞིག་ཡིན་པ་རེད། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་བོ་བོད་བསྟན་པ་ཆབ་སྲིད་དང་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཆེན་པོ་གནང་ཡོད་པ་མ་ཟད། བོད་མི་རྣམས་བཙན་བྱོལ་དུ་འབྱོར་པ་ནས་བཟུང་སྐུ་ངལ་འཛེམས་མེད་ཀྱི་སྒྲིག་འཛུགས་སྲ་བརྟན་དང་བོད་མིའི་རང་དབང་སླར་གསོའི་ཆེད་དུ་བོད་རྒྱ་ཞི་མོལ་སོགས་ཀྱི་ཐད་ལ་ཕྱག་རྗེས་སྣ་མང་བཞག་གནང་ཡོད་པ་རེད།།

གསར་འགོད་པ། པ་སངས་ཚེ་རིང་།

རྩོམ་སྒྲིག་པ་དང་ཁ་སྣོན་གསར་འགོད། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎