རྒྱ་གར་སྲིད་བློན་ཟུར་པ་མཱན་མོ་ཧན་སིངྒ་མཆོག་དགོངས་པ་རྫོགས་པར། ཁོང་གི་ཤུལ་ལུས་སྐུ་ཟླ་སོགས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་ཡོད་པ།
རྒྱ་གར་གྱི་སྲིད་བློན་ཟུར་པ་མཱན་མོ་ཧན་སིངྒ་མཆོག་དགུང་ལོ་ ༩༢ སྟེང་ཕྱི་ཟླ་༡༢ ཚེས་ ༢༦ ཉིན་རྒྱལ་ས་ལྡི་ལིའི་ནང་དགོངས་པ་རྫོགས་པར། ཁོང་གི་ཤུལ་ལུས་སྐུ་ཟླ་ལྕམ་སྐུ་ Gursharan Kaur ལགས་ཀྱི་མཚན་ཐོག་ཏུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་མཚམས་སྦྱོར་དང་བཅས་ཏེ། བཞུགས་སྒར་ཕོ་བྲང་ནས་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་ཡོད་པའི་ནང་།“ངོས་ནས་ཁོང་གི་དོན་དུ་སྨོན་ལམ་འདེབས་ངེས་ཡིན་པ་”དང་།“སེམས་ལ་སྐྱོ་སྣང་ཆེ་བའི་དུས་ཚོད་འདིར། ངོས་ནས་ལྕམ་སྐུ་ཉིད་དང་ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་”ཅེས་འཁོད་པ་དང་མཚུངས།“འདས་པའི་ལོ་མང་རིང་ང་ཚོ་ནམ་འཕྲད་ལ་ཁོང་གིས་ལམ་སྟོན་བཟང་པོ་དང་ཤ་ཚ་གནང་བར། ངོས་ནས་དགའ་གུས་ཡི་རངས་ཚད་མེད་བྱེད་ཀྱི་ཡོད་པས། ཁོང་ཉིད་ངོས་ཀྱི་གཅེན་པོ་ལྟ་བུར་ཚོར་གྱི་ཡོད།" ཅེས་དང་། "ལྕམ་སྐུ་ཉིད་ཀྱི་སྐུ་ཟླ་ནི་གཞན་ཕན་གྱི་ཀུན་སློང་ཤུགས་དྲག་དང་བཅས་ཏེ་རྒྱ་གར་གྱི་ཡར་རྒྱས་དང་འབྱོར་ཕྱུག ཁྱད་པར་དུ་དཔལ་འབྱོར་ཡར་ཐོན་གྱིས་རྒྱ་གར་མི་མང་འབོར་ཆེན་གྱི་མི་ཚེ་ཡར་རྒྱས་སུ་འགྲོ་བར་ཞབས་འདེགས་གལ་ཆེན་སྒྲུབ་མཁན་ཞིག་ཡིན་པ་མ་ཟད། བོད་མི་མང་གིའང་གྲོགས་པོ་བཟང་པོ་ཞིག་ཡིན་པ་དང་། ཁོང་གིས་མི་ལོ་ ༩༢ རིང་མི་ཚེ་དོན་སྙིང་ལྡན་པ་དང་ཀུན་གྱིས་མིག་ལྟོས་འཕེར་བ་ཞིག་བསྐྱལ་གནང་བར། ང་ཚོས་དགའ་བ་སྒོམ་འོས་པ་ཞིག་རེད་”ཅེས་འཁོད་འདུག
རྒྱ་གར་སྲིད་བློན་ཟུར་པ་མཱན་མོ་ཧན་སིངྒ་མཆོག་གིས་ཕྱི་ལོ་ ༢༠༠༤ ནས་ ༢༠༡༤ བར་རྒྱ་གར་གྱི་སྲིད་བློན་གནང་ཡོད་པ་དང་མཚུངས། རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཐད་དམིགས་བསལ་ཕྱག་རྗེས་ཆེན་པོ་འཇོག་གནང་མཁན་ཞིག་ཆགས་ཏེ་རྒྱ་གར་མི་མང་དང་ཤེས་ཡོན་ཅན་པ་སོགས་ཀྱིས་གུས་བརྩི་ཆེན་པོ་གནང་ཡུལ་ཞིག་ཡིན་པ་རེད།།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།