ཆོ་འཕྲུལ་དུས་ཆེན་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་སྙིང་རྗེ་ལྡན་པ་ཞིག་ཏུ་སྒྱུར་ཐབས་ལ་འབད་དགོས་པ་བཀའ་སྩལ་མཛད་འདུག

2025.03.14
ཆོ་འཕྲུལ་དུས་ཆེན་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་སྙིང་རྗེ་ལྡན་པ་ཞིག་ཏུ་སྒྱུར་ཐབས་ལ་འབད་དགོས་པ་བཀའ་སྩལ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར།
OHHDL

ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༡༤ ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ལམ་བརྒྱུད་འཛམ་གླིང་ཞི་བདེའི་ཆེད་སྨོན་ལམ་གསུང་འཕྲིན་ཞིག་སྩལ་བའི་ནང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་བཟུང་སྟེ་འཛམ་གླིང་ནང་གི་རྩོད་རྙོག་ཞི་འགྲིག་ཡོང་ཐབས་ལ་འབད་དགོས་པའི་ལམ་སྟོན་གནང་འདུག

དེ་ཡང་བོད་ཀྱི་ལོ་གསར་ཚེས་པ་བཟུང་བདུན་ཕྲག་གཉིས་ཀྱི་རིང་བོད་བརྒྱུད་ནང་བསྟན་རྗེས་འབྲང་བ་རྣམས་ཀྱིས་ཆོ་འཕྲུལ་སྨོན་ལམ་ཆེན་པོ་སྲུང་བརྩི་དང་འབྲེལ་རྣམ་དཀར་དགེ་སྦྱོར་གྱི་ལས་ལ་འབད་བཞིན་ཡོད་པ་ལྟར། དེ་རིང་བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་སྦྲུལ་ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ལམ་ནས་གསུང་འཕྲིན་སྩལ་བའི་ནང་། བོད་པའི་སྲོལ་རྒྱུན་ལྟར་སྨོན་ལམ་དེའི་ནུས་པས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཆེད་དུ་བསྔོ་བ་བཞིན། འདི་ལོ་ཡང་ངོས་ནས་འཛམ་གླིང་འདིའི་ནང་ཞི་བདེ་དང་བསམ་ཤེས་གོང་མཐོར་དུ་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཡུག་རེན་དང་གྷ་ཛ་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་དམག་འཁྲུག་རྐྱེན་པས་མི་རྣམས་དཀའ་སྡུག་མྱོང་བཞིན་པ་ནི་ཡིད་སྐྱོ་དགོས་པ་ཞིག་རེད་འདུག ང་ཚོས་འདས་པའི་དམག་འཁྲུག་རིམ་པའི་མཇུག་འབྲས་ལས་བསླབ་བྱ་བླངས་ཡོད་ཤག་རེད། དམག་འཁྲུག་དེ་དག་རྐྱེན་པས་ཉམ་ཆུང་གི་མི་རྣམས་འཇིགས་སྣང་ངང་གནས་པ་དང་། རང་སྲོག་ཤོར་བ་སོགས་ཀྱི་དཀའ་སྡུག་ཚད་མཐོ་ཤོས་དེ་མྱོང་བཞིན་ཡོད་པ་རེད།” ཅེས་བཀའ་སྩལ་འདུག

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། “དངོས་ཡོད་གནས་སྟངས་གཅིག་པུ་དེ་ནི། འགྲོ་བ་མིའི་རིགས་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། གལ་ཏེ་ང་ཚོས་འགྲོ་བ་མི་གཅིག་གྱུར་དང་གཅིག་ལ་གཅིག་བརྟེན་གྱི་འདུ་ཤེས་གོང་འཕེལ་ཐུབ་ཚེ། ངོས་ཀྱི་བསམ་པར་ང་ཚོ་ཚང་མས་ཉག་ཕྲ་བའི་དུས་སྐབས་སུའང་ཞི་བདེ་འཚོལ་ཐུབ་ངེས་རེད། དེ་ལྟར་ཡོང་བར་ཕྱོགས་ཕན་ཚུན་དབར་གྲོས་མོལ་དང་གོ་བསྡུར་བྱ་རྒྱུའི་འདུན་པ་ཡོད་དགོས། དེར་བརྟེན་ངོས་ནས་འཚེ་བ་མེད་ཅིང་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་པའི་འབད་བརྩོན་དང་མཐུན་སྒྲིལ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།” ཞེས་བཀའ་གནང་འདུག

གཞན་ཡང་དེ་རིང་བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་གནང་མཛད་ཡོད་པ་དང་། སྐབས་དེར་མགོན་པོ་མཆོག་གིས། གང་ཉིད་དགུང་གྲངས་བརྒྱ་ལྷག་སྐུ་འཚོ་བཞུགས་ཀྱིས་བསྟན་པ་དང་འགྲོ་བའི་དོན་མུ་མཐུད་བསྐྱང་རྒྱུ་ཡིན་པའི་ཞལ་བཞེས་མཛད་ཡོད་པ་རེད།།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎