རྩོམ་པ་པོ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྐོར་གྱི་རི་མོའི་བསྩམས་སྒྲུང་ཞིག་མགོན་པོ་མཆོག་ལ་སྤྱན་འབུལ་ཞུས་འདུག
འདི་ཚེས་ ༢༡ རེས་གཟའ་པ་སངས་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མང་མཇལ་སྩལ་གནང་མཛད་ཡོད་པ་དང་། མཇལ་ཁའི་སྐབས་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་སྒྱུ་རྩལ་བ་ཊོམ་ཊེ་ལར་ (Tom Taylor) ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ (The Path of the Dalai Lama) ཞེས་པའི་རི་མོའི་བསྩམས་སྒྲུང་ (Graphic Novel) གསར་པ་ཞིག་མགོན་པོ་མཆོག་ལ་སྤྱན་འབུལ་ཞུས་འདུག་ཅིང་། ཁོང་གིས་མགོན་པོ་མཆོག་གི་མཛད་རྣམ་རི་མོའི་བརྩམས་སྒྲུང་བརྒྱུད་འདོན་སྤེལ་གནང་དོན་ནི། རི་མོའི་བརྩམས་སྒྲུང་བརྒྱུད་མགོན་པོ་མཆོག་གི་སྐུ་ཚེའི་མཛད་འཕྲིན་རྣམས་དེང་སྐབས་ཀྱི་གཞོན་སྐྱེས་རྣམས་ལ་ངོ་སྤྲོད་ཐུབ་ཐབས་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
རྩོམ་པ་པོ་ཊོམ་ལགས་ནི་ཆུང་དུས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་གནང་མཁན་ཞིག་རེད་འདུག་པ་དང་། ཁོང་གིས་འདས་པའི་ལོ་གཉིས་རིང་ཕྱག་ལས་གནང་བའི་མགོན་པོ་མཆོག་གི་སྐུའི་མཛད་རྣམ་འཁོད་པའི་རི་མོའི་བསྩམས་སྒྲུང་དེ་བཞིན་ཡོང་འགྱུར་ཕྱི་ཟླ་ ༥ ནང་འགྲེམ་སྤེལ་གནང་འཆར་ཡོད་པ་རེད་འདུག་ལ། ཁཽང་གིས་མཇུག་ཏུ། ཅེག་སྤྱི་མཐུན་རྒྱལ་ཁབ་ཡང་དེ་སྔ་ཨུ་རུ་སུའི་བཙན་འོག་ཏུ་ལོ་ངོ་ ༤༠ ཙམ་བསྡད་མཐར་ཞི་བའི་ལམ་ནས་རང་དབང་ཐོབ་ཡོད་པས། བོད་མི་རྣམས་ནས་སེམས་ཤུགས་ཞུམ་པ་མེད་པར་རྒྱ་བསྐྱེད་དགོས་པ་གསུངས་བྱུང་།
གཞན་ཡང་ཨ་རི་ནས་ཡིན་པའི་མཇལ་བཅར་བ་ (Calix Boldt) ལགས་ཀྱིས། མཇལ་ཁའི་སྐབས་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དུས་རྒྱུན་ཏུ་སློབ་ཕྲུག་ཡག་པོ་ཞིག་གང་འདྲ་བྱ་དགོས་པའི་སྐོར་བཀའ་འདྲི་ཞུས་པར། མགོན་པོ་མཆོག་གིས་ལོ་ཆེ་ཆུང་དང་སློབ་ཚན་སོགས་གང་ཞིག་ལ་སློབ་སྦྱོང་བྱེད་བཞིན་ཡོད་ཀྱང་རུང་། གཙོ་བོ་བསམ་བློ་རྒྱ་ཆེན་པོས་བྱམས་སྙིང་རྗེའི་ཐོག་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་ཚེ་སེམས་ལ་ཞི་བདེ་ཡོང་ངེས་ཡིན་ཞེས་བཀའ་སྩལ་མཛད་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ། གཞན་མཇལ་བཅར་བ་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཟུར་པ་སྐུ་ཞབས་ཨེ་རིག་གྷར་སི་ཊི་ (Eric Garcetti) ལགས་ཀྱིས། ཁོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་བུ་གླིང་འདིའི་ཐོག་གི་བྱམས་བརྩེའི་སྟོབས་ཤུགས་ཤིག་ལ་ངོས་འཛིན་གནང་གི་ཡོད་པས། མགོན་པོ་མཆོག་གི་ཞལ་མཇལ་ཞུ་རྒྱུ་ནི་ངས་རྟག་ཏུ་གོ་སྐབས་རླབས་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། ཉེ་ལམ་ཨ་རི་སྲིད་གཞུང་གསར་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་མ་དངུལ་མཁོ་སྤྲོད་མཚམས་འཇོག་གནང་བའི་གནད་དོན་ཐད་ཁོང་གིས། འགྱུར་བ་གང་འདྲ་ཞིག་སོང་ཡང་རུང་། འཛམ་གླིང་འདིའི་ཐོག་སྨྲ་བརྗོད་རང་དབང་ཞན་པ་དང་གཉའ་གནོན་འོག་གནས་བཞིན་པའི་མི་རྣམས་ཀྱིས། ཁོང་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་སེམས་ཤུགས་སྦྱིན་མཁན་གྱི་འགོ་ཁྲིད་ཡོད་པའི་ཚོར་བ་ཞིག་བྱུང་ཐུབ་པའི་སྨོན་ལམ་ཡོད་པ་གསུངས་སོང་།
ཡང་དེ་རིང་གི་མཇལ་བཅར་བའི་ཁྲོད། ལོ་མང་རིང་མགོན་པོ་མཆོག་གི་ཕྱག་དེབ་དཔེ་ཀློག་སོགས་གནང་སྟེ་མགོན་པོ་མཆོག་ལ་དད་གུས་ཤུགས་ཆེ་གནང་མཁན། དབང་རྩ་རིག་པའི་ཚན་རིག་པ་ (Natalia Bielczyk) ལགས་ཀྱིས། ཁོང་ཡི་ཤུ་ཡིན་ཡང་། ཁོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་ཐོག་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་ཕྱོགས་ཀྱི་བསམ་བློ་བསྐྲུན་བཞིན་པར་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། ཐེངས་འདིར་ཁོང་ལ་མགོན་པོ་མཆོག་གི་མཇལ་ཁ་ཐོབ་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
སྤྱིར་ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྱིས་ཐེ་ཝན་ནས་ཕེབས་པའི་སྤྲུལ་སྐུ་བར་མེ་མཁྱེན་བརྩེ་ལགས་དང་། སིམ་ལའི་གཞུང་ཞབས་བགྲེས་པ་སོགས་གནད་ཡོད་མི་སྣ་ཁག་གཅིག་དང་། གཞན་ཡང་བོད་མི་གཙོས་པའི་ཕྱི་རྒྱལ་དད་ལྡན་པ་ཁྱོན་ ༣༨༤ ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།