སོག་ཡུལ་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་བོད་མི་གནས་སྡོད་ས་གནས་ཁག་གཙོས་འཛམ་གླིང་གི་ས་ཕྱོགས་གང་སར་དད་ལྡན་པ་དང་༸གོང་ས་མཆོག་ལ་དགའ་མོས་བྱེད་མཁན་ཚོས་རྣམ་པ་འདྲ་མིན་གྱི་སྒོ་ནས་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་བཞིན། འདི་ལོ་སོག་ཡུལ་པ་ཡང་ཧོང་ཀོར་མངའ་སྡེའི་ནང་གི་དགའ་ལྡན་བདེ་ལྡན་གླིང་དགོན་དུ་འང་སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་སྟུན་ཉིན་གྲངས་གསུམ་རིང་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་ཆེད་དུ་ཚེ་སྒྲུབ་དང་། ཤིང་སྡོང་༡༡༣ འདེབས་འཛུགས། དེ་བཞིན་ར་ལུག་སེམས་ཅན་ ༢༥༠ ཙམ་ཚེ་ཐར་གཏོང་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་སྐོར་སོག་ཡུལ་དགའ་ལྡན་བདེ་ལྡན་གླིང་དགོན་པའི་མཁན་པོ་བླ་མའི་དགེ་རྒན་པ་ཡང་ཇར་གལ་ལགས་ཀྱི་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
འདི་ལོ་སྐུའི་འཁྲུངས་སྐར་ཉིན་མཁན་བླ་སྐྲུལ་དང་སོག་པོའི་མི་མང་ཡོང་ནས་ཤིང་སྡོང་ ༡༡༣ འདེབས་འཛུགས་གནང་ཐུབ་པ་བྱུང་ཡོད་པ་དང་། ལྷག་པར་དུ་༸གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་དེ་བཞིན་འཛམ་གླིང་སྙིང་རྗེའི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད་ལྟབས་ད་རེས་དགའ་ལྡན་བདེ་ལྡན་གླིང་དགོན་གྱི་མཁན་བླ་འདུས་མང་ཡོངས་དང་ས་གནས་དད་ལྡན་མང་ཚོགས་ཐུན་མོང་ནས་ར་ལུག་སེམས་ཅན་ ༢༥༠ ཚེ་ཐར་གཏོང་ཐུབ་པ་བྱུང་ཡོད་པ་དང་། ད་རེས་ཀྱི་སྒྲུབ་པའི་དགེ་བ་དེ་ལ་རྟེན་ནས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་རྟེན་པ་དང་བསྟན་པ་དར་བཞིན་རྒྱས་པའི་སྨོན་འདུན་ཞུ་བཞིན་ཡོད་པ་གསུངས་གནང་སོང་།
དེ་བཞིན་ཡང་ཁོང་ནས་མུ་མཐུད་གསུངས་དོན་དུ། ད་རེས་སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་སྟུན་སོག་ཡུལ་དགའ་ལྡན་བདེ་ལྡན་གླིང་དགོན་གྱི་མཁན་བླ་འདུས་མང་ཡོང་དང་། ས་གནས་དད་ལྡན་མང་ཚོགས་འདུ་འཛོམས་ཀྱི་གོང་ས་མཆོག་གི་སྐུ་ཕྱའི་ཆེད་དུ་ཚེ་སྒྲུབ་ཉིན་གསུམ་འཚོག་ཡོད་པ་མ་ཟད། འདི་ཚེས་ ༦ ཉིན་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད། མཛད་སྒོའི་ཐོག་ས་གནས་ཀྱི་ཕྲུ་གུ་ཉི་ཤུ་རྩ་གཅིག་ནས་དགོན་པའི་ཐུན་མོང་མ་ཡིན་པས་སྒྲོལ་མ་ ༢༡ གྱི་བསྟོད་པ་ཕུལ་ཐུབ་པ་བྱུང་ནས་ཧ་ལས་པས་རྟེན་འབྲེལ་ཡག་པོ་བྱུང་སོང་ཞེས་གསུངས་ཀྱི་འདུག
སོག་ཡུལ་པ་ཡང་ཧོང་ཀོར་མངའ་སྡེའི་ནང་གི་དགའ་ལྡན་བདེ་ལྡན་གླིང་དགོན་དུ། ཟླ་བ་འདིའི་ཕྱི་ཚེས་ ༤ དང་ ༦ དེ་བཞིན་ ༧ བཅས་ཁྱོན་ཉིན་གྲངས་གསུམ་རིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གསོལ་སྨན་བཅོས་ཐབས་ལམ་ལྷོང་ཡོང་བ་དང་། ཁོང་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའི་ཆེད་དུ་ཏཱ་རེ་ཡིད་བཞིན་འཁོར་ལོའི་རྣལ་འབྱོར་དང་འབྲེལ་བའི་སྒོ་ནས་ཚེ་སྒྲུབ་འཚོག་ཡོད་པ་རེད།
སྤྱིར་སོག་ཡུལ་ནང་ཕྱི་ལོ་ ༡༩༣༧ རྗེས་སུ་འདི་ལྟ་བུའི་ཚེ་སྒྲུབ་འཚོགས་པ་ནི་ད་རེས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ལོ་ནས་ད་བར་སོག་པོའི་དད་ལྡན་མང་ཚོགས་ལ་ལོ་ལྟར་གསུང་ཆོས་བཀའ་དྲིན་སྩལ་བཞིན་ཡོད་པ་དང་། མ་འོངས་པར་ཡང་སོག་པོའི་དད་ལྡན་མང་ཚོགས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་གསུང་ཆོས་དང་བཀའ་སློབ་ཡང་ཡང་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པའི་ཆེད་དུ། ཁོང་སྐུ་ཚེ་ཡུན་རིང་གནས་རྒྱུ་གལ་ཆེ་ཡིན་དུས་ད་རེས་སོག་པོའི་ནང་གི་དགོན་སྡེ་ཁག་དང་ཚོགས་པ་ཁག་ཐུན་མོང་ནས་སྐུ་ཚེའི་ཚེ་སྒྲུབ་དེ་གོ་སྒྲིག་ཞུས་པ་ཡིན་འདུག།
སོག་ཡུལ་ནང་ནང་པ་སངས་རྒྱས་པའི་བསྟན་པ་སྔ་ཕྱི་བར་བཅས་ཐེངས་གསུམ་དར་ཡོད་པ་དང་། སོག་ཡུལ་ནང་རྒྱལ་དབང་སྐུ་འཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐབས་ནས་རི་བོ་དགེ་ལུགས་པས་བསྟན་པ་དར་ཞིང་། ད་ལྟའི་ཆར་བསྟན་པ་ཕྱི་དར་དར་བཞིན་ཡོད་པ་རེད། རྒྱལ་དབང་སྐུ་འཕྲེང་གསུམ་པ་སོག་ཡུལ་ནང་སོག་པོའི་རྒྱལ་པོ་ཨ་ཏན་ཇོ་བོས་གདན་ཞུ་གནང་པ་ནས་ཟུང་སོག་པོ་དང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་བར་བླ་སློབ་ཀྱི་འབྲེལ་བ་མུ་མཐུད་གནས་མུས་ཡིན་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སོག་ཡུལ་ནང་ཆིབས་བསྒྱུར་བཀའ་དྲིན་ཐེངས་མང་བསྐྱངས་ཡོད་པ་དང་། ད་དུང་སོག་ཡུལ་ནང་གི་དད་ལྡན་མང་ཚོགས་ནས་ཁོང་སླར་ཡང་སོག་ཡུལ་ནང་ཕེབས་ཐུབ་པའི་རེ་བ་དང་ངང་སྒུག་གནང་བཞིན་ཡོད་པ་རེད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།