བོད་མི་ཙམ་མ་ཚད་རྒྱ་གར་དང་ཕྱི་རྒྱལ་བ་ཚོས་ཕེབས་བསུ་ཞུས་འདུག
2019.11.25
བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དང་། རྒྱ་གར་གྱི་མཱ་ཧཱ་རཱཤེ་ཏི་རཱ་མངའ་སྡེའི་ནང་གི་མཛད་འཕྲིན་ཁག་བཅས་ལེགས་པར་གྲུབ་སྟེ། ཕྱི་ཟླ་༡༡ཚེས་༢༥ཉིན་གྱི་ཞོགས་པར་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད། ༸མགོན་པོ་གང་ཉིད་ད་རང་སྔ་དྲོ་ཕྱག་ཚོད་བརྒྱད་པ་ཙམ་གྱི་ཐོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་འཁོད་སྐབས། བོད་མི་དང་རྒྱ་གར་ཡུལ་མི། ཕྱི་རྒྱལ་མི་རིགས་བཅས་དད་ལྡན་པ་ཚོས་དགའ་སྤྲོ་དང་དད་གུས་ཆེན་པོའི་ཐོག་ནས་ཕེབས་བསུ་ཞུས་ཡོད་པ་རེད།
༧གོང་ས་མཆོག་ཉེ་ལམ་ཕྱི་ཚེས་༢༠ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཆིབས་བསྒྱུར་གནང་སྟེ།ལྡི་ལིའི་ནང་གི་བླ་མ་ཡེ་ཤེས་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་པ་དགའ་ལྡན་ཆོས་ཚོགས་དབུ་བརྙེས་ནས་ལོ་ངོ་༤༠འཁོར་བར་རྗེས་དྲན་དུ་ཕེབས་ཏེ།ཕྱི་ནང་གི་མི་མང་རྒན་གཞོན་ཕོ་མོ་ཚོར་ཁོང་ཁྲོ་དང་དངངས་སྐྲག་སེལ་ཐབས་ཐོག་ལམ་སྟོན་ཕེབས་ཡོད་པ་དང་།
ཡང་སྤྱི་ཚེས་༢༡ཉིན་རྒྱ་གར་གྱི་མཁས་པ་ཆེན་པོ་རཱཌ་ཀྲྀཤི་ནཱ་རྗེས་དྲན་གྱི་ལྷན་ཚོགས་སུ་དབུ་བཞུགས་ཀྱིས།མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་དགོས་པ་སོགས་ཀྱི་ལམ་སྟོན་ཕེབས་ཡོད་ཁར།རྒྱ་གར་གྱི་ཤེས་ཡོན་པ་ཁག་ཅིག་གི་དྲི་བ་ལ་བཀའ་ལན་ཡང་བསྩལ་ཡོད་པ་རེད།
ཡང་སྤྱི་ཚེས་༢༣ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མངའ་སྡེ་མཱ་ཧཱ་རཱ་ཤི་ཏི་རཱ་ནང་ཆགས་པ་འཕགས་པ་གནས་བརྟན་པའི་ཆོས་ཚོགས་ཤིག་ཏུ་ཆིབས་བསྒྱུར་གནང་སྟེ། གསར་འགོད་པ་དང་རྒྱ་གར་དང་ཤྲིལིངྒ་།འབར་མ་དང་ཐེ་ལཎྡྲི་བཅས་ཀྱི་དགེ་འདུན་པ་ཚོར།རྒྱ་གར་གྱི་འཚེ་བ་མེད་པ་དང་སྙིང་རྗེའི་ལྟ་སྤྱོད་ནི། དེང་སང་གི་དུས་སུའང་དགོས་མཁོ་ཆེན་པོ་ཡོད་པའི་བཀའ་ཕེབས་ཐོག ཁོང་གིས་ཐེག་ཆེན་དང་ཐེག་དམན་གྱི་ཚིག་བེད་སྤྱོད་གཏོང་གི་མེད་པར་ལེགས་སྦྱར་དང་པཱ་ལི་ཆོས་བརྒྱུད་ཅེས་གསུང་གི་ཡོད་ཅིང་།པཱ་ལིའི་ཆོས་བརྒྱུད་ནི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཡིན་པ་སོགས་བཀའ་ཕེབས་ཡོད་པ་རེད།།