༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ཀྱི་མཚན་ལམ་དུ་དགུང་ལོ་བརྒྱ་དང་ཉི་ཤུར་སྐུ་འཚོ་བཞུགས་མཛད་རྒྱུའི་ལུང་བསྟན་ཡོད་ཅེས། ཝིཡེཏ་ནམ་གྱི་དད་ལྡན་པ་ཁག་ཅིག་ལ་བཀའ་སྩལ་མཛད་འདུག
འཆར་ཅན་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ། ཟླ་༤ པའི་ཚེས་ ༡༨ ཉིན་ཝིཡེཏ་ནམ་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས། སོག་པོ་དང་ཡོ་རོབ་རྒྱལ་ཁག་བཅས་ཀྱི་ཕྱི་ནང་གི་མི་མང་བརྒྱ་ཕྲག་འགའ་ལ་མཇལ་ཁ་སྩལ་ཡོད་ཅིང་། སྐབས་དེར་ཝིཡེཏ་ནམ་གྱི་དད་ལྡན་གཞོན་ནུ་མ་ཐོའོ་ནོ་ཡོན་ལགས་ནས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ༸སྐུའི་འཕྲོད་བཞེས་ཡག་པོ་ཡོང་བའི་གསོལ་འདེབས་སྨོན་ལམ་ཤུགས་དྲགས་གནང་བར། མགོན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དད་ལྡན་པ་ཁོང་ཚུར་བཀའ་འགུགས་ཀྱིས། མགོན་པོ་གང་ཉིད་ཀྱི་མཚན་ལམ་དུ་དགུང་ལོ་བརྒྱ་དང་ཉི་ཤུར་བཞུགས་རྒྱུའི་རྟགས་དང་མཚན་མ་གསལ་བོ་ཡོད་ཅེས་བཀའ་སྩལ་ཡོད་པ། ཝིཡེཏ་ནམ་གྱི་གཞོན་ནུ་མ་ཐོའོ་ནོ་ཡོན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་གསུངས་དོན་ལ། “ཁོང་གིས་ཐོག་མར་ངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ༸སྐུའི་འཕྲོད་བཞེས་ཡག་པོ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུས་ཏེ་ཕར་ཙམ་ཕྱིན་པའི་རིང་། ༸སྐུའི་གསུང་སྒྱུར་བ་ནས་གསུང་བསྒྱུར་གནང་སྟེ་མགོན་པོ་མཆོག་ལ་ཞུས་སོང་བས། མགོན་པོ་མཆོག་གིས་ང་ལ་ཚུར་ཤོག་དང་ཞེས་བཀའ་གནང་སྟེ། གང་ཉིད་ནས་ང་ལ་བོད་སྐད་ཀྱི་ལམ་ནས་བཀའ་གནང་བ་གསུང་སྒྱུར་གྱིས་ཚུར་བསྒྱུར་བའི་སྙིང་དོན་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་གི་མཚན་ལམ་དུ་གང་ཉིད་དགུང་ལོ་བརྒྱ་དང་ཉི་ཤུ་སྐུ་འཚོ་བཞུགས་མཛད་རྒྱུའི་ལུང་བསྟན་ཡོད་ཅེས་གསུངས་འདུག་པར་བརྟེན། ང་རང་ཧ་ཅང་དགའ་སྤྲོ་དང་བཅས་མགོན་པོ་མཆོག་དེ་ལས་ཀྱང་༸སྐུ་ཚེ་རིང་བོར་བཞུགས་པའི་སྨོན་ལམ་བཏབ་པ་ཡིན་” ཞེས་འགྲེལ་བརྗོད་གནང་གི་འདུག
ཡང་ཝིཡེཏ་ནམ་གྱི་དགེ་སློང་ཐིཀ་སཀ་དམ་ལགས་ཀྱིས། ཁོ་རང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཐེངས་དྲུག་པ་དེ་ཡིན་ནའང་། མཇལ་ཐེངས་རེ་རེ་བཞིན་ཐོག་མ་ཡིན་པ་ལྟ་བུའི་ཚོར་བ་སོས་པ་རེ་སྦྱིན་གྱི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག་ལ། བལ་ཡུལ་གྱི་བོད་དང་ས་མཚམས་བོད་རིགས་དང་ཆོས་རིག་སྐད་ཡིག་བཅས་གཅིག་གྱུར་ཡིན་པ་ཙུམ་ས་ཁུལ་གྱི་དགེ་འདུན་པ་ཇོ་བོ་ཚེ་རིང་ལགས་ཀྱིས། ཐེངས་འདིར་སྤྱན་རས་གཟིགས་སྐུ་ཤ་རློན་པ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་དང་། མ་འོངས་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་མགོན་པོ་གང་གི་འཁོར་དུ་སྐྱེ་ཐུབ་པའི་སྨོན་ལམ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམ་མེད་ཀྱི་ངང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བདུན་ཕྲག་རེའི་ནང་ཐེངས་གསུམ་རེར། འཛམ་གླིང་ཡུལ་གྲུ་གང་ས་ནས་ཆེད་བཅར་གྱི་དད་ལྡན་པ་བརྒྱ་ཕྲག་དུ་མར་ཆད་མེད་དུ་མཇལ་ཁ་དང་བཀའ་སློབ་སོགས་སྩལ་གྱི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།