༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་རྒྱུད་འཛིན་པའི་ཤེས་ཡོན་བརྗེ་ལན་གྱི་ཚོགས་བཅར་བར་མཇལ་ཁ་སྩལ་བ།
ཟླ་བ་འདིའི་ཚེས་ ༢༠ ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་དགོན་པའི་ནང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་བོད་མི་དགུང་ལོ་ ༧༠ ནས་ ༧༩ བར་རྣམས་ལ་མཇལ་ཁ་སྩལ་གནང་ཡོད་པ་ལས། སྦེ་ལ་ཀོ་པི་ལུགས་བསམ་གཞིས་ཁུངས་ཀྱི་བོད་མི་གྲངས་ ༡༨༧ གྱི་གཙོས་པས་ཁྱོན་ཕྱི་ནང་དད་ལྡན་པ་ ༤༣༦ ཙམ་ཞིག་ལ་མཇལ་ཁ་བཀྲིན་ཆེ་གནང་མཛད་ཡོད་པ་རེད།

ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་རྒྱུད་འཛིན་པའི་དགེ་འདུན་པའི་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་ཐེངས་གསུམ་པ་དེ་བཞིན། ཉེ་ལམ་གདན་ས་ཆེན་པོ་དགའ་ལྡན་དུ་འཚོགས་ཡོད་པ་དང་བསྟུན། ལས་རིམ་དེའི་ཚོགས་བཅར་བ་དགེ་འདུན་པ་ ༥༠ ལྷག་ཙམ་ཞིག་ལ་དམིགས་བསལ་མཇལ་ཁ་སྩལ་གནང་ཡོད་པ་དང་། མཇལ་ཁའི་སྐབས་ལས་རིམ་དེའི་འབྲེལ་ལས་ནས་མགོན་པོ་མཆོག་ལ་ལས་གཞི་དེའི་ལས་བསྡོམ་སྙན་སེང་ཞུས་པ་གཞིར་བཟུར་། མགོན་པོ་གང་ཉིད་ནས་སྔགས་ཀྱི་སྐོར་བགྲོ་གླེང་གནང་བ་ཡིན་ན། རྗེ་རིན་པོ་ཆེའི་སྔགས་རིམ་ཆེན་མོའི་སྤྱི་བཤད་སྐོར་བགྲོ་གླེང་གནང་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་ཡོད་སྐོར། ལྷན་ཚོགས་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་སྒོ་མང་མཁན་ཟུར་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཡང་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་དགེ་འདུན་པ་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་ནང་མཉམ་ཞུགས་གནང་བ་མཁན་ཐེའི་ལེནྜ་ནས་དགེ་འདུན་པ་མཱ་ཧ་ཡ་ན་ཐེ་རོ་ལགས་ཀྱིས། ཐེངས་འདིར་ཁོང་རྣམ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་དང་ཞལ་མདངས་རྒྱས་པོ་མཇལ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། དེ་སྔ་ཁོང་ནས་མགོན་པོ་མཆོག་གི་མཇལ་ཁ་ཐེངས་ཁ་ཤས་ཞུས་མྱོང་ཡོད་ཀྱང་། ཐེངས་འདིར་མགོན་པོ་མཆོག་གཞིས་ཆགས་འདིའི་ནང་ཐུགས་དགྱེས་ཚོར་ཆེན་པོ་དང་སྐུ་གཟུགས་གསལ་ཐང་ངང་སྐུ་ལྷོད་བཞུགས་མཛད་ཡོད་པ་མཇལ་དུས་དེ་བས་དགའ་ཚོར་ཆེ་བ་བྱུང་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་མཚུངས་དེ་རིང་སྦེ་ལ་ཀོ་པི་ལུགས་བསམ་གཞིས་ཁོངས་བོད་མི་བགྲེས་སོང་ཕོ་མོ་གཉིས་དང་། སྦེ་ལ་ཀོ་པི་ཀ་རུ་ན་ཕན་བདེ་དགའ་ཚལ་གྱི་ཚེ་རིང་ནོར་བུ་ལགས་བཅས་ནས་ཀྱང་མཇལ་ཁ་གྲུབ་མཚམས། ༸གོང་ས་མཆོག་གི་ཞལ་མཇལ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། མགོན་པོ་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་ཞིང་བོད་མི་སྤྱི་སྒེར་གཉིས་ཀྱི་འདོད་དོན་བསྒྲུབ་རྒྱུར་སྨོན་འདུན་ཞུས་ཡོད་སྐོར་གསུངས་ཀྱི་འདུག་ལ། ཐེངས་འདིར་རྒྱ་གར་བ་དང་ཧི་མ་ལ་ཡའི་རི་རྒྱུད། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་རིགས་མཇལ་ཁའི་ཆེད་ཆེད་མངགས་ཕེབས་མཁན་ཡང་མི་ཉུང་བ་ཞིག་ཡོད་པའི་ཁོངས། ཁེ་ན་ཌ་ནས་ཆོས་ཉིད་བཟང་མོ་ལགས་དང་ཁོང་བཟའ་ཟླ་རྣམ་གཉིས་ནས། ད་ལན་ཁོང་རྣམ་པར་ལོ་མང་པོའི་རྗེས་༸གོང་ས་མཆོག་གི་ཞལ་མཇལ་ཐོབ་པར་དགའ་ཚོར་ཆེན་པོ་གནང་གི་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྦེ་ལ་ཀོ་པི་གདན་བཀྲིས་ལྷུན་པོའི་དགོན་པར་སྐུ་ལྷོད་བཞུགས་མཛད་རིང་ཐུགས་བརྩེ་བ་ཆེན་པོས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ལྔའི་ནང་གི་བགྲེས་སོང་དགུང་ལོ་ ༨༠ ཡན་རྣམས་ལ་མཇལ་ཁ་བཀྲིན་ཆེ་གནང་མཛད་ཡོད་ཅིང་། དེ་རིང་བོད་མི་དགུང་ལོ་ ༧༠ ནས་ ༧༩ བར་རྣམས་ལ་མཇལ་ཁ་རིམ་པ་གཉིས་པ་དེ་གནང་འགོ་བཙུགས་ཡོད་ཅིང་། དེ་རྗེས་རིམ་པ་གསུམ་པར་བོད་མི་དགུང་ལོ་ ༦༠ ནས་ ༧༠ བར་ལ་མཇལ་ཁ་སྩལ་གནང་མཛད་རྒྱུ་ཡིན་པ་རེད་འདུག །
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།