སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་དང་སི་ཀོ་ཊ་ལན་ཌི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་མཇལ་ཁ་སྩལ་བ།

2025.04.04
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་དང་སི་ཀོ་ཊ་ལན་ཌི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་མཇལ་ཁ་སྩལ་བ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ་གིས་སི་ཀོ་ཊ་ལན་ཌི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རོ་སི་ཇོན་གྷི་རེར་མཇལ་ཁ་སྩལ་སྐབས། ༢༠༢༥།༠༤།༠༤ ཉིན།
OHHDL

ཟླ་ ༤ ཚེས་ ༤ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འཇར་མན་གྲོས་ཚོགས་འཐུས་མི་མེ་ཁལ་བྷ་རན་ཌི་ (Michael Brand) དང་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཀཡེ་མུ་ལར་ (Kai Muller)། དེ་བཞིན་སི་ཀོ་ཊ་ལན་ཌི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རོ་སི་ཇོན་གྷི་རེར་ (Ross John Greer) གཙོ་བོར་གྱུར་བའི་གནད་ཡོད་མི་སྣ་ཁག་གཅིག་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།

WhatsApp Image 2025-04-04 at 3.35.12 PM.jpeg
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ་གིས་འཇར་མན་གྲོས་ཚོགས་འཐུས་མི་མེ་ཁལ་བྷ་རན་ཌི་ལགས་སུ་མཇལ་ཁ་སྩལ་སྐབས། ༢༠༢༥།༠༤།༠༤ ཉིན།

མཇལ་ཁ་གྲུབ་མཚམས་སུ་འཇར་མན་གྲོས་ཚོགས་འཐུས་མི་མེ་ཁལ་བྷ་རན་ཌི་ (Michael Brand) ལགས་ཀྱིས། “འདི་ལོ་སྐུའི་གོ་སྟོན་དང་བསྟུན་ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཐོབ་པར་ཚོར་བ་དམིགས་བསལ་ཅན་ཞིག་དང་བསོད་ནམས་ཆེན་པོ་བྱུང་ཞེས་དང་། ད་ལན་འཇར་མན་གྲོས་ཚོགས་འཐུས་མི་ཁག་གཅིག་བཞུགས་སྒར་དུ་བཅར་དོན་གཙོ་བོ་ནི། ཉེ་ལམ་ཨ་རིས་ (USAID) བརྒྱུད་རོགས་དངུལ་མཚམས་འཇོག་བྱས་ཏེ་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར། ཁོང་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་གྲོས་ཚོགས་འཐུས་མི་རྣམས་དང་ཐུག་འཕྲད་ཀྱིས། འཛམ་གླིང་ཡུལ་གྲུ་གང་སའི་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ལ་རོགས་སྐྱོར་ཇི་ལྟར་ཐུབ་མིན་ཐད་གླེང་སློང་གནང་ཆེད་བཅར་བ་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་སི་ཀོ་ཊ་ལན་ཌི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོ་སི་ཇོན་གྷི་རེར་ (Ross John Greer) ལགས་ཀྱིས། ཐེངས་འདིའི་མཇལ་ཁའི་སྐབས་ཁོང་ནས་སི་ཀོ་ཊ་ལན་ཌི་གྲོས་ཚོགས་ཀྱིས་ཉེ་ལམ་༸སྐུའི་གཅེན་པོ་དགོངས་པ་རྫོགས་པར་གདུང་སེམས་མཉམ་སྐྱེད་དང་མཉམ། སྐུའི་གཅེན་པོས་སྐུ་ཚེ་ཧྲིལ་པོར་བོད་དོན་འཐབ་རྩོད་ཐད་ཞབས་འདེགས་རླབས་ཆེན་གྲུབ་ཡོད་པའི་ཐད་གྲོས་ཚོགས་སུ་གྲོས་ཆོད་བཞག་ཡོད་པ་དེ་བཞིན། མགོན་པོ་མཆོག་ལ་སྤྱན་འབུལ་ཞུས་ཡོད་སྐོར་འགྲེལ་བརྗོད་དང་མཉམ། ད་ལན་ཁོང་གིས་སི་ཀོ་ཊ་ལན་ཌི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱི་ཚབ་ཞུས་སྟེ་སི་ཀོ་ཊ་ལན་ཌི་དང་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་ལམ་སྔར་ལས་གཏིང་ཟབ་ཡོང་སླད་དུ་བཞུགས་སྒར་དུ་བཅར་བ་ཡིན། ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

WhatsApp Image 2025-04-04 at 3.35.10 PM (1).jpeg
སི་ཀོ་ཊ་ལན་ཌི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོ་སི་ཇོན་གྷི་རེར་ལགས་མཇལ་ཁའི་སྐབས། ༢༠༢༥།༠༤།༠༤ ཉིན།

གཞི་རྩའི་འདི་ཚེས་ ༣ ཉིན་འཇར་མ་ནི་དང་སི་ཀོ་ཊ་ལན་ཌི་གྲོས་ཚོགས་འཐུས་མི་དེ་དག་གིས་བོད་མིའི་སྒྲིས་འཛུགས་ཀྱི་ལྷན་ཁང་ཁག་ཏུ་འཚམས་གཟིགས་དང་འབྲེལ། སྲིད་སྐྱོང་དང་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཙོས་པའི་གྲོགས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་འདུག

WhatsApp Image 2025-04-04 at 3.35.12 PM (2).jpeg
ལ་དྭགས་ནང་པ་ཚོགས་པའི་ཚོགས་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་སྐབས། ༢༠༢༥།༠༤།༠༤ ཉིན།

གཞན་ཡང་ཐེངས་འདིའི་མཇལ་ཁའི་ཁྲོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་པ་ཚོགས་པ་ (LBA) ཡི་ཚོགས་མི་ཁག་གཅིག་ལ་མཇལ་ཁ་སྩལ་བ་དང་སྦྲགས། འདི་ལོའི་དབྱར་དུས་སུ་མགོན་པོ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཞལ་བཞེས་མཛད་ཡོད་པ། ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎