༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་མཇལ་འཕྲད་ཀྱིས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་སྤེལ་དགོས་པའི་བཀའ་སྩལ།
ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༣ཚེས་༨ཉིན།༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ།རྒྱ་གར་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་བྱིས་པའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་(KailashSatyarthi)མཆོག་དང་།ཨ་རིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཁན་དང་།རྒྱལ་སྤྱིའི་ས་འོག་འབར་མདེལ་བཀག་སྡོམ་ལས་འགུལ་གསར་འཛུགས་གནང་མཁན་ལྕམ་(JodyWilliams)མཆོག་དང་།དེ་བཞིན་སྦཱ་ར་ཛིལ་རྒྱལ་ཁབ་ཀྱི་ཁྲིམས་དཔོན་བགྲེས་པ་(LelioBentesCorrea)ལགས་བཅས་མཇལ་ཁར་ཆེད་བཅར་གནང་བར་མཇལ་འཕྲད་དང་།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་སྤེལ་དང་།བྱམས་བརྩེ་ལྡན་པའི་སློབ་གསོ་སོགས་གལ་ཆེན་ཡིན་པའི་སྐོར་ལ་བཀའ་སྩལ་གནང་ཡོད་པ་རེད།
རྒྱ་གར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་(KailashSatyarthi)མཆོག་ནས།ང་ཚོས་ངོས་ནས་༧གོང་ས་མཆོག་གི་དགོངས་པ་བཞིན་འཛམ་གླིང་སྤྱི་ཡོངས་ལ་བྱམས་བརྩེའི་ལས་འགུལ་གསར་བ་ཞིག་སྤེལ་རྩིས་ཡོད་པས།ལས་འགུལ་དེ་སྤེལ་རྒྱུར་སྐུ་ཉིད་ཀྱི་ལམ་སྟོན་དང་བྱིན་རླབས་མཁོ་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་སོང་བར།སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ང་ཚོ་འགྲོ་བ་མི་སྐྱེས་པ་ཉིད་ནས་ཨ་མའི་བྱམས་བརྩེའི་འོག་འཚར་ལོངས་བྱེད་བཞིན་ཡོད་པས།ད་ལྟའི་འཛམ་གླིང་འདིར་དགོས་མཁོ་ཆེ་ཤོས་བྱམས་བརྩེ་ཡིན་པ་དང་།དེང་རབས་ཤེས་ཡོན་སློབ་གསོས་ཀླད་པ་གྲུང་པོ་བྱེད་ཐབས་ལས།སེམས་ཁམས་སློབ་གསོའི་སྐོར་ལ་སྐད་ཆ་དེ་ཙམ་བཤད་ཀྱི་མེད་སྟབས།ང་ཚོས་ངོས་ནས་དེ་དག་ལ་བསྐྱར་ཞིབ་དང་སེམས་བཟང་པོའི་སློབ་གསོ་སྤྲོད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་།
དེའི་རྗེས་ལྕམ་(JodyWilliams)མཆོག་ནས་༧གོང་ས་མཆོག་ལ་སྐུ་ཉིད་ནས་དེང་སྐབས་ཀྱི་འཛམ་གླིང་གི་གནས་བབ་ལ་གཟིགས་ཚོར་ག་འདྲ་ཡོད་ཅེས་བཀའ་འདྲི་གནང་སོང་བར།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དེང་སྐབས་འཛམ་གླིང་འདིར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དེ་གོང་འཕེལ་ཡོང་བཞིན་ཡོད་པས།མ་འོངས་པར་འཛམ་གླིང་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་སྐད་ཆ་ཙམ་མ་ཡིན་པར།འགྲོ་བ་མི་གཅིག་གྱུར་དང་ཕན་ཚུན་མཉམ་གནས་ཀྱི་བསམ་བློ་དེ་གལ་ཆེན་པོ་ཡིན་པ་དང་།བོད་ལ་མཚོན་ལ་གནའ་སྔ་མོ་ང་ཚོ་བོད་ཅེས་བཤད་བཞིན་ཡོད་ཀྱང་།དེང་སྐབས་ང་ཚོས་དེ་འདྲ་མིན་པར་འགྲོ་བ་མི་ཡོངས་ཞེས་བསམ་བློ་གཏོང་གི་ཡོད་པ་གསུངས་སོང་།
མཇུག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ངོས་རང་ལ་མཚོན་ན་འཛམ་གླིང་གི་མི་འབོར་ཐེར་འབུམ་༧་ཡོད་པ་དེ།འགྲོ་བ་མི་གཅིག་གྱུར་ཡིན་པའི་དགོངས་ཚུལ་བཞེས་ཀྱི་ཡོད་ལ།ང་དང་ཁྱོད་ལྟ་བུ་དང་འཛམ་གླིང་ཤར་ལྷོ་ནུབ་བྱང་གི་སྐད་ཆ་ཙམ་མིན་པར།ང་ཚོ་ཚང་མར་ཁྱད་པར་གང་ཡང་མེད་པར་འགྲོ་བ་མི་གཅིག་གྱུར་ཡིན་སྐོར་གསུངས་སོང་།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།