བོད་རྒྱ་ཆེའི་མི་མང་རྣམས་ཀྱི་སེམས་ཤུགས་ལ་ང་ཚོས་རྗེས་སུ་ཡི་རང་བྱས་ན་འགྲིག་གི་འདུག་ཅེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག

2025.04.28
བོད་རྒྱ་ཆེའི་མི་མང་རྣམས་ཀྱི་སེམས་ཤུགས་ལ་ང་ཚོས་རྗེས་སུ་ཡི་རང་བྱས་ན་འགྲིག་གི་འདུག་ཅེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥི་ཌི་རིཀ་ནོར་མན་རོགས་ཚོགས་ཀྱི་ཚོགས་འཐུས་ཁག་ཅིག་ལ་མཇལ་ཁ་སྩལ་སྐབས། ༢༠༢༥།༠༤།༢༨ ཉིན།
OHHDL

འཆར་ཅན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། ཟླ་ ༤ ཚེས་ ༢༨ ཉིན་བོད་མི་དང་ཕྱི་རྒྱལ་མི་རིགས་འདྲ་མིན། ལྷག་པར་དུ་འཇར་མན་གྱི་རོགས་ཚོགས་ (Friedrich Naumann Foundation) ཧྥི་ཌི་རིཀ་ནོར་མན་གྱི་ཚོགས་འཐུས་ཁག་ཅིག་དང་། འཇར་མན་གྱི་ས་གནས་གྲོས་ཚོགས་འཐུས་མི་གཅིག ཝིཡེཏ་ནམ་གྱི་ནང་ཆོས་སློབ་གཉེར་བ་དྲུག་ཅུ་ལྷག་བཅས་ལ་ཐུགས་དགྱེས་བརྩེ་ཆེན་པོའི་སྒོ་ནས་མཇལ་ཁ་སྩལ་ཡོད་ཅིང་། སྐབས་དེར་མགོན་པོ་མཆོག་གིས་བོད་རྒྱ་ཆེའི་མི་མང་རྣམས་ནི་སེམས་ཤུགས་རི་བཙུགས་པ་ནང་བཞིན་བསྡད་ཡོད་པས།ང་ཚོས་རྗེས་སུ་ཡི་རང་བྱས་ན་འགྲིག་གི་འདུག་ཅེས་ལམ་སྟོན་སྩལ་འདུག

བོད་མིའི་སྤྱི་ཚོགས་ལ་ཡུན་རིང་རོགས་སྐྱོར་གནང་མཁན་འཇར་མན་གྱི་རོགས་ཚོགས་ཧྥི་ཌི་རིཀ་ནོར་མན་གྱི་འཐུས་མི་ཁག་ཅིག་ནས་ཀྱང་མཇལ་ཁ་ཞུས་ཡོད་ཅིང་། ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་དང་རོགས་ཚོགས་དེ་གསར་འཛུགས་གནང་རོགས་ (Veit Dengler) ལགས་ཀྱིས། "མགོན་པོ་མཆོག་ནི་སྐྱེས་བུ་དམ་པ་དང་འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་བའི་ལམ་སྟོན་ཕེབས་མཁན་ཞིག་ཡིན་ཞིང་། ཁོང་ཉིད་བཞུགས་པ་ཙམ་གྱིས་བྱིན་རླབས་ཧ་ཅང་ཆེན་པོ་ཡིན་པར་བརྟེན་གང་ཉིད་ཀྱི་ཐུགས་བསྐྱེད་བཞིན་དགུང་ལོ་༡༡༣ལྷག་བཞུགས་པའི་སྨོན་འདུན་ཡོད་པ་མ་ཟད། ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་རྣམ་པ་བཅས་ལ་མཇལ་འཕྲད་ཀྱིས་ཁོང་ཚོའི་ཕྱག་ལས་གནང་སྟངས་དང་། བཙན་བྱོལ་བོད་མིའི་དཀའ་ངལ་སོགས་ལ་རྒྱུས་ལོན་དང་ཆབས་ཅིག བོད་ཀྱི་རིག་གཞུང་ལའང་ཤེས་རྟོགས་ཐུབ་རྒྱུའི་འདུན་པ་ཡོད་" ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་འཇར་མན་གྱི་ (BadeWurttemberg) ས་གནས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་ (Alena Fink) ལགས་ཀྱིས། མགོན་པོ་མཆོག་གི་རྣམ་ཐར་ལོ་རྒྱུས་ཤེས་པ་དང་འབྲེལ་དངོས་སུ་མཇལ་ཁ་བྱུང་སྐབས།སེམས་ནང་ཧ་ལས་པའི་གཡོ་འགུལ་དང་ཚོར་བ་ཟབ་མོ་བྱུང་སྐོར་འགྲེལ་བརྗོད་གནང་གི་འདུག

རྡ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་གིས་དྲ་ལམ་བརྒྱུད་ཝིཡེཏ་ནམ་གྱི་ནང་པ་བཞི་བརྒྱ་བརྒལ་བར་ནང་ཆོས་ངོ་སྤྲོད་དང་བསྡུས་གྲྭ་བློ་རྟགས་སོགས་སློབ་བཞིན་པ་ཚོར་ཕྱག་ཁྱེར་དང་ཆབས་ཅིག སེར་མོ་བ་གཉིས་ཚུད་པའི་མི་སྐྱ་ཕོ་མོ་དྲུག་ཅུ་ཐམ་པར་ཐེངས་འདིར་མགོན་པོ་མཆོག་གི་མཇལ་ཁ་སྩལ་ཡོད་པས། སྐབས་དེར་མགོན་པོ་མཆོག་གིས་ཐུགས་བརྩེ་ཆེན་པོའི་ལམ་ནས་དབུགས་དབྱུང་སྩལ་ཡོད་སྐོར། རིགས་སློབ་འགན་འཛིན་དགེ་བཤེས་བསམ་གཏན་ལགས་ནས་འགྲེལ་བརྗོད་གནང་གི་འདུག

དེ་རིང་གི་མཇལ་ཁ་འདིར་ཕྱི་ནང་གི་མི་མང་བརྒྱ་ཕྲག་དུ་མ་ཡོད་པའི་ཁྲོད། རྒྱ་གར་དང་བལ་ཡུལ། འབྲུག་རྒྱལ་ཁབ། སོག་ཡུལ་དང་བོད། ཡོ་རོབ་དང་ཨ་མི་རི་ཀ་སོགས་ཀྱི་མི་རིགས་དང་རྒྱལ་ཁབ་འདྲ་མིན་གྱི་མི་སེར་བཅར་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎