༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་པ་བཀའ་བརྒྱུད་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་མཁན་གཙོས་པའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་སྩལ་བ།

2025.04.03
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་པ་བཀའ་བརྒྱུད་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་མཁན་གཙོས་པའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་སྩལ་བ། འབྲུག་གསང་སྔགས་ཆོས་གླིང་དང་འབྲུག་ཨ་མི་ཊ་པ་བཙུན་དགོན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་མཁན་རྣམས་མཇལ་ཁ་གྲུབ་མཚམས། ༢༠༢༥།༠༤།༠༣ ཉིན།
Photo: RFA

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༣ རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆན་པོ་མཆོག་གིས། འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་དབུས་པའི་རྒྱ་གར་བྱང་ཤར་གྱི་འབྲུག་གསང་སྔགས་ཆོས་གླིང་དང་བལ་ཡུལ་གྱི་འབྲུག་ཨ་མི་ཏ་བྷ་བཙུན་དགོན་གཉིས་ཀྱི་དགེ་བཙུན་ ༣༠༠ ལྷག་དང་། སྤི་ཏིའི་རྒས་གསོ་ཁང་གི་བགྲེས་སོང་སོགས་དད་ལྡན་མཇལ་ཞུ་བ་ཁྱོན་བཞི་བརྒྱ་ལྷག་ཙམ་ཞིག་ལ་མཇལ་ཁ་སྩལ་གནང་མཛད་སོང་།

དེ་ཡང་ཟླ་བ་འདིའི་ཚེས་ ༢ ཉིན་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་དབུས་པའི་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ལྷ་སྡེ་མི་སྡེ་ཡོངས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པས། དེ་རིང་ཁོང་རྣམ་པར་༸རྒྱལ་བའི་ཕོ་བྲང་དུ་མགོན་པོ་མཆོག་གི་ཞལ་མཇལ་ཐོབ་པ་ནི། ཐུགས་དགེ་ཚོར་ཆེན་པོ་བྱུང་ཡོད་ཅིང་ཧ་ཅང་བསོད་ནམས་ཆེན་པོ་བྱུང་ཞེས། མཇལ་ཁ་གྲུབ་མཚམས་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། བརྟན་བཞུགས་ཀྱི་ཡོན་བདག་རྡོ་རྗེ་གླིང་ནས་ཡིན་པ་ལྷག་པ་ཆུང་བདག་ལགས་ཀྱིས། ལོ་ ༢༣ སྔ་རོལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གླིང་དུ་ཆིབས་བསྒྱུར་མཛད་སྐབས་ཁོང་ལ་མཇལ་ཁ་ཐོག་མ་དེ་ཐོབ་ཡོད་ཅིང་། ད་ལན་འབྲུག་ཆེན་རིན་པོ་ཆེ་དང་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ལོ་མང་རྗེས་སུ་མགོན་པོ་མཆོག་གི་ཞལ་མཇལ་སླར་ཡང་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་མཇལ་ཞུ་བའི་ཁོངས་ལོ་ལྟར་སྤི་ཏིའི་རྒས་གསོ་ཁང་གི་བགྲེས་སོང་རྣམས་གནས་སྐོར་དུ་ཁྲིད་མཁན་བྱམས་པ་ཚེ་རིང་ལགས་ཀྱིས་སྤི་ཏིའི་བགྲེས་སོང་ ༤༠ ལྷག་ཙམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་ཁྲིད་ཡོད་པ་ལས། དགུང་ལོ་ཐོ་ཤོས་བསོད་ནམས་སྐྱིད་འཛོམས་ལགས་ཀྱིས། དེ་རིང་རྩ་ཆེ་བའི་མཇལ་ཁ་དེ་ལྟ་བུ་ཐོབ་པར་བསྐལ་བ་བཟང་པོ་བྱུང་ཞེས་གསུངས་བྱུང་།

རྩ་བའི་འདི་ཚེས་ ༢ ཉིན་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་དུ་དབུ་བཞུགས་གནང་ཐོག་འབྲུག་པ་བཀའ་བརྒྱུད་པའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས། ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་ཚེ་སྒྲུབ་གནད་དུ་སྨིན་པ་གནང་བའི་བརྒྱུད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པས། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། “ཁྱེད་ཚོས་ཡིན་ན་ངོས་ལ་ཡིད་ཆེས་དང་། ངའི་ངོས་ནས་ཆ་བཞག་ནའང་ཁྱེད་ཚོ་འབྲུག་པ་བཀའ་རྒྱུད་ཀྱི་ཆོས་བརྒྱུད་འཛིན་པ་ཚང་མ་བསྟན་པའི་བྱ་བ་སྒྲུབ་མཁན་གལ་ཆེན་དོན་ཆེ་ཞིག་ཆགས་ཡོད་བསམས་པའི་དེ་རིང་སྐྱིད་སྣང་ཧ་ཅང་ཤུགས་ཆེན་པོ་བྱུང་།” ཞེས་བཀའ་སྩལ་མཛད་ཡོད་པ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎