གཡུང་དྲུང་བོན་གྱི་བསྟན་པའི་མཛེས་རྒྱན་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དགུང་ལོ་༡༠༠ཕེབས་པ་དང་བསྟུན་ཁོང་གི་སྐུ་ཚབ་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ།
ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོར་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིའི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་དཔོན་སློབ་ཚངས་པ་བསྟན་འཛིན། དེ་བཞིན་དགོན་པའི་ལས་སྣེ་ཁག་ཅིག་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་དང། སྐབས་དེར་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། གཡུང་དྲུང་བོན་གྱི་བསྟན་པའི་མཛེས་རྒྱན་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནས། ༡༩༦༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐོག་མར་མཇལ་བ་ནས་བཟུང་ཁོང་ནས་མགོན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་ཤར་སྐྱོད་ཀྱིས། གཡུང་དྲུང་བོན་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གང་ལེགས་གནང་ཡོད་པ་དང་། ཡོང་རྒྱུའི་ཕྱི་ལོ་ ༢༠༢༥ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པ་བཞིན། རིན་པོ་ཆེ་ཁོང་ཡང་དགུང་ལོ་ ༡༠༠ ལ་ཕེབས་ཀྱི་ཡོད་པར་བརྟེན། མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་དུ་མཎྜལ་སྐུ་གསུང་ཐུགས་རྟེན་དང་ཐུགས་སྨོན་ཤིས་ཚིག་ཕུལ་བ་དང་ཆབས་གཅིག མགོན་པོ་མཆོག་གི་ཐུགས་སྨོན་སྐྱབས་འཇུག་གནང་སྐྱོང་ཡོང་བ་ཞུ་ཆེད་དུ་བཅར་ཡིན་སྐོར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

མ་ཟད་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། སྐབས་དེར་ཁོང་རྣམས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསེང་ཞུ་སྐབས། མགོན་པོ་མཆོག་ནས་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི་བླ་མ་རྩ་ཆེན་ཞིག་ཡིན་ཞེས་བཀའ་སྩལ་དང་སྦྲགས། ཐུགས་སྨོན་སྐྱབས་འཇུག་གནང་རྒྱུའི་ཞལ་བཞེས་བཟང་པོ་མཛད་ཡོད་སྐོར་གསུངས་བྱུང་།
རྩ་བའི་དེ་སྔོན་ ༢༠༢༡ ཟླ་ ༧ པའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། གཡུང་དྲུང་བོན་གྱི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་སློབ་མ་རྣམས་ལ་བཀའ་སློབ་སྩལ་བའི་སྐབས། བོད་ལ་ནང་ཆོས་མ་དར་གོང་ལ་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཐད་ཀར་འབྲེལ་བ་ཡོད་པ་དེ་ནི་བོན་ཀྱི་ཆོས་ལུགས་དེ་ཆགས་ཡོད་པས། དེ་ཉམས་སུ་ལེན་དགོས་གལ་ཆེ་བའི་སྐོར་བཀའ་སློབ་བསྩལ་གནང་ཡོད་པ་དང་སྦྲགས། སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ནི་ལྷག་བསམ་རྣམ་དག་ཅན་ཞིག་དང་། བྱེ་བྲག་ཏུ་བོན་གྱི་བསྟན་པར་ཐུགས་ཁུར་ཧ་ཅང་ཆེན་པོ་བཞེས་ཡོད་སྐོར་བཀའ་སྩལ་གནང་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།