ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཚོགས་པས་༸སྐུའི་གོ་སྟོན་དང་བསྟུན་མགོན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་གསེར་གྱི་གཟེངས་རྟགས་ཤིག་འབུལ་བཞེས་མཛད་འདུག

ཟླ་ ༤ ཚེས་ ༡༦ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཕྱི་ནང་གི་དད་ལྡན་པ་ཁག་གཅིག་ལ་མང་མཇལ་སྩལ་གནང་མཛད་ཡོད་པ་རེད།
མཇལ་ཁ་གྲུབ་མཚམས་འདི་ག་གསར་འགོད་པས་མཇལ་བཅར་བ་ཁག་གཅིག་ལ་བཀའ་འདྲི་ཞུས་པར། ཨ་རིའི་ཆོ་ཕྲུལ་སྨོན་ལམ་ཆེན་མོའི་ཚོགས་གཙོ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས། ཐེངས་འདིར་ཨ་རིའི་ཆོ་ཕྲུལ་སྨོན་ལམ་ཆེན་མོའི་ཚོགས་པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་དང་བསྟུན་བཀའ་དྲིན་རྗེས་དྲན་ཞུ་སླད་གསེར་གྱི་གཟེངས་རྟགས་ཤིག་འབུལ་བཞེས་མཛད་པ་དང་ལྷན་ཨ་རིའི་ཆོ་ཕྲུལ་སྨོན་ལམ་ཆེན་མོའི་མཇུག་སྡོམ་གྱི་སྙན་ཐོ་ཞིག་ཀྱང་སྤྱན་འབུལ་ཞུས་པར། མགོན་པོ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་གནང་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་བལ་ཡུལ་ནས་ཡིན་པའི་མཇལ་བཅར་བ་དཀོན་མཆོག་རིན་ཆེན་ལགས་ཀྱིས། ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ། བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་མྱུར་དུ་ཆིབས་བསྒྱུར་མཛད་རྒྱུའི་རེ་བ་དང་ཡིད་ཆེས་མཚོན་སླད། ཉེ་ལམ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕལ་རྒྱས་ལྟེ་གནས་ཁང་གིས་འགྲེམས་སྤེལ་ཞུས་པའི་ (Crimes Against Humanity in Driru) ཞེས་བོད་འབྲི་རུ་ཁུལ་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཁྲིམས་འགལ་བྱ་སྤྱོད་ཅེས་པ་དེ་བཞིན་བརྟན་བཞུགས་ཀྱི་ངོ་བོར་སྤྱན་འབུལ་ཞུས་པ་ཡིན་ཞེས་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱི་མི་རིགས་ཀྱི་ལ་རྒྱར་རྗེས་སུ་ཡིད་རང་དང་ཐུགས་དགྱེས་ཚོར་ཆེན་པོ་གནང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
མཇལ་བཅར་བའི་ཁོངས་བལ་ཡུལ་འུམ་ལ་ནས་ཡིན་པའི་ནག་པོ་རྟ་དམག་ལགས་ཀྱིས། མགོན་པོ་མཆོག་གི་གསུང་གི་བྱིན་རླབས་ཀྱིས་ཁོང་གི་མི་ཚེར་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་བསྐྲུན་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གྱི་སྤྲུལ་པ་ངོ་མ་དེ་ཡིན་པས། མགོན་པོ་མཆོག་གི་ཐུགས་ཀྱི་བྱིན་རླབས་འཛམ་གླིང་འདིའི་ཐོག་གི་སྐྱེ་འགྲོ་ཀུན་ལ་འཇུག་པའི་སྨོན་འདུན་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། གཞན་ཉེམ་ལམ་ཟླ་ ༣ ཚེ་ ༢༣ ཉིན་རྡ་ས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སློབ་མཐར་སོན་པའི་སྨན་དང་རྩིས་ཀྱི་སློམ་མ་ཁྱོན་ ༣༡ ཙམ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་ཡོད་པ་དང་། མཐར་ཕྱིན་སྨན་སློབ་ཕོ་ཀ་བཀྲ་ཤིས་ལགས་ཀྱིས། ཁོང་རྣམས་ལ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་སློབ་གཉེར་བྱ་རྒྱུའི་གོ་སྐབས་ཐོབ་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། མཇལ་ཁའི་སྐབས་མགོན་པོ་མཆོག་གིས། བོད་ཀྱི་ཆོས་དང་རིག་གཞུང་ནི་དེང་དུས་ཚན་རིག་དང་མཐུན་པའི་རིག་གཞུང་གལ་ཆེན་ཞིག་ཡིན་པའི་བཀའ་སྩལ་མཛད་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་ཕྲག་རེའི་ཉིན་གསུམ་རིང་མང་མཇལ་སྩལ་གནང་མཛད་ཀྱི་ཡོད་པ་བཞིན། ཐེངས་འདིར་མགོན་པོ་མཆོག་གིས་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་ནང་གི་དད་ལྡན་པ་ ༤༠༠ ཙམ་ཞིག་ལ་མཇལ་ཁ་སྩལ་གནང་མཛད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།