༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་པ་ཁྱོན་ ༡༦༠ ཙམ་ལ་མཇལ་ཁ་སྩལ་བ།

2025.02.24
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་པ་ཁྱོན་ ༡༦༠ ཙམ་ལ་མཇལ་ཁ་སྩལ་བ། གློ་སྨོན་ཐང་གི་མཇལ་བཅར་བ་རྣམས་མཇལ་ཁ་གྲུབ་མཚམས། ༢༠༢༥།༠༢།༢༤ ཉིན།
RFA/ Tenzin Woser

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༤ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གློ་སྨོན་ཐང་གི་ཡུལ་མི་ ༥༡ གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དད་ལྡན་པ་ཁྱོན་མི་གྲངས་ ༡༦༠ ཙམ་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།

དེ་ཡང་ཐེངས་འདིར་མགོན་པོ་གང་ཉིད་ཀྱི་མཇལ་ཁ་འཐོབ་མཁན་ཐའེ་ཝན་ཆུང་ཤུར་ལོ་ནས་ཡིན་པ་ཤར་ལི་ལགས་ནས། ཁོང་ལ་མགོན་པོ་གང་ཉིད་དངོས་མཇལ་གྱི་སྐལ་བཟང་ཐོབ་པར་ཧ་ཅང་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་དོན། ང་རང་འདི་གར་བསླེབས་པ་ནི་བསོད་ནམས་ཆེན་པོ་ཚོར་གྱི་འདུག ངའི་ལག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དངོས་སུ་འཆང་གནང་སོང་བར། དཔེ་མི་སྲིད་པའི་སྤྲོ་བ་དང་བྱིན་རླབས་ཐོབ་པའི་ཚོར་བ་བྱུང།  ང་ཚོ་འདིར་སླེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་སྐལ་བཟང་བྱུང་བ་ནི་བསོད་ནམས་ཆེན་པོ་ཡིན། ངའི་རེ་བ་ལ་མི་ཚང་མར་དེ་ལྟ་བུའི་འཇལ་ཁ་འཐོབ་པའི་སྨོན་ལམ་ཡོད། ཐེངས་འདིར་གུས་མོར་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ཐེངས་དང་པོ་དེ་ཡིན་པས་ཧ་ཅང་དམིགས་བསལ་ཞིག་བྱུང་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཐེངས་འདིར་གློ་སྨོན་ཐང་གི་མཇལ་བཅར་བ། གློ་སྨོན་ཐང་ཉི་བུ་དགོན་པའི་དགེ་རྒན་འཇམ་དབྱངས་ཚེ་རིང་ལགས་ཀྱིས། ཐེངས་འདིར་ཁོང་དང་ལྷན་དུ་གློ་སྨོན་ཐང་གི་མཇལ་བཅར་བ་ཕལ་ཆེ་བ་ནི། ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ཁོང་རྣམ་པར་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོས་མིག་ཆུ་བཏང་བ་སོགས་ཀྱི་གནས་སྟངས་འགྲེལ་བརྗོད་གནང་གི་འདུག་ལ། མཇལ་བཅར་བ་ལོ་ན་བགྲེས་ཤོས་དགུང་ལོ་ ༩༢ ཡིན་པ་སྤོ་བོ་ཨུ་རྒྱན་ལགས་ནས། རྩ་བའི་བླ་མ་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞིང་། ད་ནི་ཤི་ནའང་འགྱོད་པ་མེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ཕྲག་བཞུགས་པ་དང་འགྲོ་བ་རིགས་དྲུག་གི་བར་ཆད་སེལ་བ། ད་བར་ཐེངས་བཞི་ཙམ་མཇལ་ཁ་ཞུ་མྱོང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

མ་ཟད་བྱང་ཨ་རི་ནས་ཡིན་པ་རིག་འཛིན་དབང་རྒྱལ་ལགས་ཀྱིས། ཐེངས་འདིར་ཁོང་ནས་ཕྱུ་པ་དཀར་པོ་གྱོན་དོན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་དགུ་སྟོན་གྱི་རྟེན་འབྲེལ་མཚོན་ཆེད་དང་། ཁོང་ཡང་དགུང་གྲངས་བརྒྱད་བཅུར་བསླེབ་ལ་ཉེ་བའི་རྟེན་འབྲེལ་མཆོན་ཆེད་ཡིན་ཞེས་དང་། ཉིན་ཉི་ཤུ་ལྷག་བསྒུགས་ནས་ཐེངས་འདིར་མགོན་པོ་མཆོག་གི་མཇལ་ཁ་དང་བྱིན་རླབས་ཐོབ་པར་དགའ་བའི་མཆི་མ་ཤོར་བ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་གཟུགས་སྔར་དང་མི་འདྲ་བའི་བདེ་ཐང་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ། གློ་སྨོན་ཐང་ནས་ཡིན་པ་བཀྲ་ཤིས་ལགས་ཀྱིས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུ་བྱུང་བར་སེམས་པ་དགའ་ཚོར་ཆེན་པོ་བྱུང་བ་དང་ཤི་ན་ཡང་འགྱོད་པ་མེད་པའི་བསམ་པ་བྱུང་ཞིང་། ༸གོང་ས་མཆོག་གིས་དབང་དང་གསུང་ཆོས་ལ་ཐེངས་བཞི་ཙམ་བཅར་མྱོང་ཡོད་ཀྱང་། དངོས་སུ་མཇལ་ཁ་ཞུས་པ་ཐེངས་དང་པོ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སུ་ཟླ་བ་གཅིག་དང་ཕྱེད་ཀ་ལྷག་རིང་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ་དང་དད་ལྡན་པ་མི་གྲངས་ཁྱོན་བསྡོམས་ ༦༨,༦༢༤ དྲུག་ཁྲི་བརྒྱད་སྟོང་དྲུག་བརྒྱ་ཉི་ཤུ་རྩ་བཞི་བརྒལ་བར། མཇལ་ཁ་སྩལ་གནང་མཛད་རྗེས་ཕྱི་ཚེས་ ༢༡ ཉིན་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ནས་དེ་རིང་བཞུགས་སྒར་དུ་མང་མཇལ་སྩལ་བ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད། །

གསར་འགོད་པ། ལོ་ཡག་བཀྲ་ཤིས། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།







བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎