མི་ནི་སོ་ཊ་མངའ་སྡེའི་གྲོས་ཚོགས་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།

2025.03.24
མི་ནི་སོ་ཊ་མངའ་སྡེའི་གྲོས་ཚོགས་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་སྲུང་བརྩི་ཞུས་པ། མི་ནི་སོ་ཊར་སྐུའི་གོ་སྟོན་སྲུང་བརྩིའི་མཛད་སྒོའི་སྐབས། ༢༠༢༥།༠༣།༢༤ ཉིན།
Tibetan American Foundation of Minnesota

ཟླ་ ༣ ཚེས་ ༢༤ ཉིན་ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཚོགས་པ་དང་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཐུན་མོང་གིས་གོ་སྒྲིག་འོག མི་ནི་སོ་ཊ་མངའ་སྡེའི་གྲོས་ཚོགས་ཁང་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་བོད་མི་དམངས་ཆེད་དུ་སྐུ་ཚེ་ཧྲིལ་པོར་ལྷག་བསམ་རྣམ་དག་གིས་དབུ་ཁྲིད་གནང་བ་དང་། དེ་བཞིན་མགོན་པོ་མཆོག་གིས་འཛམ་གླིང་འདིའི་ཐོག་མི་ཆོས་རིང་ལུགས་ཀྱི་ཞབས་འདེགས་ཞུ་བའི་ཁྱད་དུ་འཕགས་པའི་ཞབས་འདེགས་ཞུས་ཡོད་པར་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བའི་བྱང་ཙེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ནི་རྒྱ་མཚོ་ལས་གཏིང་ཟབ་པ་ཡོད་པས། དད་ལྡན་པ་རྣམས་ནས་མགོན་པོ་མཆོག་གི་འཛམ་གླིང་ཞི་བདེ་དང་། བྱམས་སྙིང་རྗེ་སོགས་ཀྱི་དགོངས་གཞི་རླབས་ཆེན་དག་ལ་སློབ་སྦྱོང་གནང་དགོས་གལ་ཆེ་བ་ཡིན་ཞེས་གསུངས་སོང་།

486106568_1058182183005270_5649333436128282032_n (1).jpg
མི་ནི་སོ་ཊར་སྐུའི་གོ་སྟོན་སྲུང་བརྩིའི་མཛད་སྒོའི་ཐོག་བྱང་རྩེ་ཆོས་རྗེ་མཆོག་གིས་གསུང་བཤད་གནང་སྐབས། ༢༠༢༥།༠༣།༢༤ ཉིན།

མི་ནི་སོ་ཊ་གྲོས་ཚོགས་ཁང་དུ་སྲུང་བརྩི་ཞུས་པའི་སྐུའི་གོ་སྟོན་སྲུང་བརྩིའི་མཛད་སྒོའི་ཐོག་ལྷན་བཞུགས་གནང་བའི་མི་ནི་སོ་ཊ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། གནད་ཡོད་མི་སྣ་ཁག་གཅིག་ནས་ལྷན་བཞུགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་ཁོང་རྣམས་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་ “Voice for the Voiceless” ཞེས་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ཞེས་པ་ཕྱག་རྟགས་སུ་ཕུལ་ཡོད་པ་རེད་ལ། ཐེངས་འདིར་མཛད་སྒོ་ཚོགས་སའི་གྲོས་ཚོགས་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་ཞིག་ཀྱང་གནང་ཡོད་པ་རེད།

གཞན་ཡང་ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཚོགས་པ་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གཉིས་ཟུང་སྦྲེལ་གྱིས། ཟླ་ ༣ ཚེས་ ༡༨ ཉིན་ནིའུ་ཡོག་ཏུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་སྐུའི་གོ་སྟོན་སྲུང་བརྩིའི་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་དུ་དགའ་ལྡན་ཕོ་བྲང་ཡིག་ཚང་ངོས་ནས་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཆེད་ཕེབས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་བཀའ་ཡིག་རིན་པོ་ཆེ་སྒྲོག་སྦྱང་གནང་བའི་ནང་མགོན་པོ་མཆོག་གིས། ངོས་ཕྱི་ལུགས་བགྲང་བྱང་༩༠སོན་པ་དེའི་རིང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་བོད་གངས་ཅན་གྱི་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པ་རྒྱུན་གནས་ཡོང་ཐབས་སུ་འབད་ཆེ་བཞེས་ཀྱིས་ཞབས་འདེགས་སྒྲུབ་པར་ཚོར་ཤེས་ཀྱིས། བཀའ་དྲིན་རྗེས་དྲན་གྱི་གོ་སྟོན་་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་བར་འཚམས་འདྲི་མཛད་འདུག

ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཚོགས་པའི་དྲུང་ཆེ་བློ་བཟང་རྡོ་རྗེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་དོན་ལ། འདི་ལོར་མགོན་པོ་མཆོག་དངོས་སུ་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་དུས། ཐེངས་ཉེ་ལམ་ནིའུ་ཡོག་ཏུ་འཚོགས་པའི་གོ་སྟོན་སྲུང་བརྩིའི་མཛད་སྒོ་དེ་ནི་ཐོག་མ་དེ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།  






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎