༧གོང་ས་མཆོག་ནས་ཊོམ་ལེན་ཊོས྄་ཚོགས་ཆུང་ལོ་༡༠འཁོར་བར་འཚམས་འཕྲིན་བསྩལ་འདུག
2018.12.15

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མཆོན་ཆེན་པོ་མཆོག་གིས་བདུན་ཕྲག་འདིའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དབུ་བརྙེས་ནས་ལོ་ངོ་༡༠འཁོར་བའི་དུས་དྲན་ཐོག་འཚམས་འཕྲིན་ཞིག་བསྩལ་གནང་མཛད་འདུག Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དེའི་ངོས་ནས་འཛམ་གླིང་ཁྱོན་ཡོངས་སུ་དབང་ཚད་ཐོག་ཡོད་མཁན་ཚོས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་དཀའ་སྡུག་མྱོང་མཁན་གྱི་གང་ཟག་རྣམས་ཀྱི་གནས་སྟངས་ཐེར་འདོན་གནང་གི་ཡོད་པའི་ལས་དོན་ལ་༧གོང་ས་མཆོག་གིས་བསྔགས་བརྗོད་མཛད་འདུག
Tom Lantos Human RightsCommissionཞེས་པའི་ཨ་རིའི་གྲོས་ཚོགས་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དེའི་དྲྭ་རྒྱའི་ཐོག་༧གོང་ས་མཆོག་གི་གསོལ་བསྩལ་གནང་བའི་འཚམས་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་གིས་རྣམ་ཀུན་ཏུ་ཨ་རི་རྒྱལ་ཁབ་དེ་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་རིན་ཐང་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་ཁབ་ཅིག་དང་། ལྷག་པར་དུ་འཛམ་གླིང་ཁྱོན་ལ་ཞི་བདེ་གོང་འཕེལ་གཏོང་ཐབས་སུ་རང་དབང་ལྡན་པའི་རྒྱལ་ཁབ་ཚོ་སྣེ་ཁྲིད་གནང་མཁན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་གི་ཡོད་པ་བཀའ་གནང་བ་དང་ཆབས་ཅིག Tom Lantosའགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གང་ཟག་སྒེར་གྱི་རང་དབང་ཐེ་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ད་ཕན་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད་ཡོད་ཅེས་༧གོང་ས་མཆོག་གིས་གསུངས་གནང་མཛད་འདུག་ལ།
ལྷག་པར་དུ་ཚོགས་ཆུང་དེའི་ངོས་ནས་ད་བར་རྒྱ་ནག་གི་དྲག་གནོན་འོག་སོ་སོའི་ལུང་པའི་ནང་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་བོད་ནང་གི་བོད་མི་ཚོའི་ཡ་ང་བའི་གནས་སྟངས་མུ་མཐུད་གསལ་འདོན་གནང་བར་བཀྲིན་ཆེ་ཞེས་གསུངས་ཏེ། ལྷན་ཚོགས་དེས་ཕྱག་ལས་གནང་བའི་བརྒྱུད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་བོད་ནང་རང་དབང་མེད་པའི་བརྡ་ལན་ཤུགས་ཆེ་ཞིག་སྤྲད་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་ལའང་བོད་མི་ཚོར་ཆེ་མཐོང་དང་གུས་བརྩི་མ་བྱས་ཚེ་རྒྱལ་སྤྱིའི་ཚོགས་སྡེའི་ཁྲོད་རྒྱ་ནག་ལ་ཡིད་ཆེས་དང་ཆེ་མཐོང་ཐོབ་དཀའ་བ་ཡིན་ལུགས་དྲན་སྐུལ་གནང་གི་ཡོད་པར་བསྔགས་བརྗོད་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་ད་དུང་འགྲོ་བ་མི་ཚང་མས་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་། ཆེ་མཐོང་བཅས་འདོད་ཀྱི་ཡོད་པ་བཞིན་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་ནི་འགྲོ་བ་ཀུན་གྱི་གནད་དོན་ཞིག་ཡིན་སྐོར་བཀའ་བསྩལ་བ་དང་འབྲེལ། དོན་གནད་དེའི་ཐོག་ཕྱག་ལས་རླབས་ཆེན་གནང་མཁན་ Tom Lantosའགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern དང་ Randy Hultgren རྣམ་གཉིས་ཀྱིས་དབུས་པའི་ཚོགས་ཆུང་དེའི་ནང་སྔ་ཕྱི་བར་གསུམ་དུ་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་གནང་བ་དང་སྦྲགས། དེང་སྐབས་འགྲོ་བ་ཡོངས་ནས་འཛམ་གླིང་དེའི་ཐོག་རླབས་ཆེན་དང་གོང་འཕེལ་གྱི་འགྱུར་ལྡོག་ཅིག་འགྲོ་བར་འདོད་པ་དང་། དེའང་བཟང་སྤྱོད་དང་ཤེས་རབ་ཀྱི་རིན་ཐང་ལྡན་པའི་ཐོག་ནས་ཞི་འགྲིག་དང་གྲོས་མོལ། འཚེ་མེད་ཞི་བ་བསྐྱར་གསོ། འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཆེ་མཐོང་། དེ་བཞིན་འགྲོ་བ་མིའི་འོས་འགན་སོགས་རྒྱུན་འཛིན་ཐུབ་པའི་འགྱུར་བ་ཞིག་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་སོགས་གསུང་བ་དང་ཆབས་ཅིག། Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་གནད་དོན་དེ་ཚོའི་ཐད་ཕྱག་ལས་གནང་བ་ཚང་མ་བསམ་དོན་འགྲུབ་པའི་ཐུགས་སྨོན་གནང་འདུག གོང་ཞུས་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དེ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tom Lantos དམ་པ་དང་ John Edward Porter རྣམ་གཉིས་ཀྱིས་༡༩༨༣ལོར་གསར་འཛུགས་གནང་ཡོད་པ་དང། དེ་སྔོན་ཚོགས་ཆུང་དེས་ཐུགས་་འགན་རྐང་བཞེས་པའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༡༩༨༧སྤྱི་ཟླ་ ༩ ཚེས་ ༢༧ ཉིན་ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་ལྔ་ཡོངས་ཁྱབ་གསལ་བསྒྲགས་མཛད་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་གྲོས་ཚོགས་ནས་སྐུ་ཞབས་ Tom Lantosདམ་པ་དེ་ཉིད་ཀྱི་མཚན་ཐོག་ནས་Tom Lantos
འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཞེས་མཚན་བསྒྱུར་གནང་ཡོད་པ་རེད།།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།