༧གོང་ས་མཆོག་གིས་ནུབ་ཕྱོགས་སུ་རི་བོ་དགེ་ལྡན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གཙོ་གྲས། བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེར་མཇལ་ཁ་བཀའ་སློབ་སྩལ་ཡོད་པ།

2022.11.02
༧གོང་ས་མཆོག་གིས་ནུབ་ཕྱོགས་སུ་རི་བོ་དགེ་ལྡན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གཙོ་གྲས། བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེར་མཇལ་ཁ་བཀའ་སློབ་སྩལ་ཡོད་པ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་གིས་མཇལ་ཁ་ཞུས་སྐབས། ༢༠༢༢།༡༡།༠༢
OHHDL

བལ་ཡུལ་རྒྱལ་ཁབ་ནས་ཡིན་པ་དང་འདས་པའི་མི་ལོ་༥༠ཙམ་རིང་ནུབ་ཕྱོགས་སུ་ཐུབ་བསྟན་སྤྱི་དང་ཁྱད་པར་རི་བོ་དགེ་ལྡན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གཙོ་བོ་གནང་མཁན་གྱི་གྲས། སྐྱབས་རྗེ་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག། འདས་པའི་ལོ་ངོ་ཁ་ཤས་རིང་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་གྱི་སྐབས་སུ། བལ་ཡུལ་ཀོ་པཎ་དགོན་པ་རུ་བཞུགས་ཏེ་༧གོང་ས་མཆོག་ལ་དངོས་སུ་མཇལ་བའི་གོ་སྐབས་བྱུང་མེད་པར་བརྟེན། ཉེ་ལམ་རིན་པོ་ཆེ་མཆོག་ཆེད་དུ་བཞུགས་སྒར་དགའ་ལྡན་ཆོས་ཚོགས་སུ་ཞབས་སོར་འཁོད་པ་དང་ཆབས་ཅིག་ཏུ། སྤྱི་ཟླ་༡༡པའི་ཚེས་༢ཉིན་བཞུགས་སྒར་ཕོ་བྲང་དུ། བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པར། ལོ་མང་རིང་བླ་མ་བཟོད་པ་རིན་པོ་ཆེའི་རྒན་དམ་པ་ཐུབ་བསྟན་ཡེ་ཤེས་ལགས་ནས། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཆོས་ཁྱབ་སྤེལ་གྱི་དཀའ་ལས་བརྒྱབས་པར་༧གོང་ས་མཆོག་ཧ་ཅང་གིས་ཐུགས་དགྱེས་ཚོར་ཆེན་པོ་གནང་གི་འདུག་ཅེས། བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་ནས་འགྲེལ་བརྗོད་གནང་གི་འདུག

བླ་མ་བཟོད་པ་རིན་པོ་ཆེ་མཆོག་ལ་འཛམ་གླིང་ཤར་ནུབ་གང་སར་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པའི་ཆོས་ཚོགས་དང་། བཙུན་དགོན། དགོན་པ་བཅས་ཧ་ཅང་མང་པོ་ཡོད་པ་མ་ཟད། ལྷག་པར་ཁོང་གི་གསུང་རྩོམ་དེབ་རིགས་ཧ་ཅང་མང་པོ་ཞིག་སྐད་ཡིག་སྣ་ཚོགས་ཀྱི་ནང་ཕབ་བསྒྱུར་ཞུས་ཡོད་པ་སོགས་ཀྱིས། ཆོས་འཆད་སྤེལ་སྤྱི་དང་ཁྱད་པར་ནུབ་ཕྱོགས་པ་ཚོར་ཆོས་འཆད་སྤེལ་དང་འབྲེལ་བའི་ཐད།༧གོང་ས་མཆོག་གིས་ལམ་སྟོན་ཕེབས་མིན་གྱི་ཐོག་བཀའ་འདྲི་ཞུས་པར། ད་ལྟའི་ཆར་དམིགས་བསལ་དེ་ལ་བཀའ་སློབ་གང་ཡང་ཕེབས་མ་སོང་མོད། དཀའ་ལས་བརྒྱབས་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་འགྲེལ་བརྗོད་གནང་གི་འདུག

ནུབ་ཕྱོགས་སུ་ནང་ཆོས་འཛིན་སྐྱོང་སྤེལ་བར་ཕྱག་རྗེས་ཆེ་བའི་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་ནི། སྤྱི་ལོ་༡༩༤༦ལོར་བོད་དང་ས་མཚམས་ཀྱི་བལ་བོའི་ནང་གི་ཤར་ཁུམ་བུའི་ས་གནས་སུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་བོད་ནང་སློབ་སྦྱོང་དུ་ཕེབས་ཡོད་པ་མ་ཟད། སྤྱི་ལོ་༡༩༧༤ཙམ་ནས་ནུབ་ཕྱོགས་སུ་ཆིབས་བསྒྱུར་དང་ཆོས་འཆད་སྤེལ་གྱིས། ཐེག་ཆེན་འཛིན་སྐྱོང་ཚོགས་པ་དང་དགའ་ལྡན་ཆོས་ཚོགས་སོགས་བཙུགས་ཏེ་འགན་འཛིན་དུ་བཞུགས་པའི་ཡན་ལག་ཏུ། ཨེ་ཤེ་ཡ་དང་ཡོ་རོབ། བྱང་ཨ་མི་རི་ཀ་བཅས་རྒྱལ་ཁབ་༣༧ནང་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཆོས་ཚོགས་དང་དགོན་སྡེ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎