པད་ནོར་རིན་པོ་ཆེ་དགོངས་རྫོགས་ཀྱི་གནས་ཚུལ་འབྲུག་ནང་སྤེལ།
2009.03.31
༄༅༎སྔ་འགྱུར་སྙིང་མའི་མངའ་བདག་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་དགོངས་པ་རྫོགས་པའི་ཡིད་སྐྱོ་གནས་ཚུལ་འབྲུག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཐོག་འདོན་སྤེལ་བྱས་ཡོད་པ་དང་འབྲུག་གཞུང་དང་མི་དམངས་ཀྱིས་སྨོན་ལམ་གསོལ་འདེབས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡང་སྤེལ་ཡོད་པ་རེད།
སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་བརྒྱད་ཉིན་དགོངས་པ་རྫོགས་པའི་རྗེས་རྒྱ་གར་ནང་དུ་ཡོད་པའི་འབྲུག་གཞུང་གི་གཞུང་ཚབ་ཆེནེ་པོ་རྣམ་རྒྱལ་ལགས་ཀྱིས་འབྲུག་རྒྱལ་པོའི་སྐུ་ཚབ་ཐོག་གཙོ་ཞུགས་གནང་བ་དང་དེ་བཞིན་འབྲུག་རྒྱལ་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་རྨོ་ལགས་ཨ་ཤེར་སྐལ་བཟང་ཆོས་སྒྲོན་ལགས་འབྲུག་ཡུལ་ནས་ཆེད་དུ་རྒྱ་གར་ཏུ་ཕེབས་ཏེ་འབྲུག་གཞུང་དང་མི་དམངས་བཅས་ནས་རྒྱ་གར་ནང་དུ་དམིགས་བསལ་གྱི་སྨོན་ལམ་གསོལ་འདེབས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་སྤེལ་བ་དེར་མཉམ་ཞུགས་གནང་ཡོད་པ་རེད། དེ་བཞིན་འབྲུག་གི་སྲིད་བློན་འཇིགས་མེད་འཕྲིན་ལས་མཆོག་ལ་འབྲུག་གཞུང་གི་བརྙན་འཕྲིན་ལས་ཁང་གིས་བཅར་འདྲི་དང་ལེན་གནང་སྐབས་སྐྱབས་རྗེ་པད་ནོར་རིན་པོ་ཆེ་གནས་སྐབས་ཅིག་ལ་དགོངས་པ་ཆོས་དབྱིངས་སུ་ཐེབས་ཚུལ་མཛད་པ་བཞེས་ཀྱང་འབྲུག་གཞུང་དང་འབྲུག་པའི་མི་དམངས་ཚོས་ཁོང་ནི་ང་ཚོའི་ཆོས་ཕྱོགས་ཀྱི་བླ་མ་ཞིག་དང་དགེ་རྒན་བཟང་པོ་ཞིག་ཡིན་པ་དུས་རྟག་ཏུ་སེམས་ནང་གནས་རྒྱུ་ཡིན།ཁོར་སྐུ་འཚོ་ཞུགས་སྐབས་འབྲུག་ཡུལ་ནང་དུ་ནང་ཆོས་དར་འཕེལ་དང་གོང་འཕེལ་གཏོང་ཐབས་ལ་དམིགས་བསལ་གྱིས་ཐུགས་འགན་བཞེས་ཏེ་འབྲུག་ཡུལ་བར་ལ་བླ་མ་སློབ་མའི་འབྲེལ་བ་དམ་གཟབ་ཡོད་པ་ཞིག་རེད་ཅེས་དང་ད་དུང་རིན་པོ་ཆེའི་རྣམ་གྲོལ་གླིང་དགོན་དུ་འབྲུག་ཡུལ་ནས་ནང་ཆོས་སློབ་གཉེར་བྱེད་མཁན་སློབ་མ་ལྔ་བརྒྱ་ལྷག་སློག་ཞུགས་བྱས་ཏེ་མུ་མཐུད་ནང་ཆོས་བསླབ་པ་སློབ་གཉེར་བྱེད་མུས་ཡིན་པའི་སྐོར་གསུང་ཡོད་པ་རེད།