ཁེ་ན་ཌ་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ།
2009.12.05
༄༅༎ཁེ་ན་ཌའི་སྲིད་བློན་སི་ཊི་ཕེན་ཧའར་པཱར་མཆོག་གིས་ཁེ་ན་ཌ་དང་རྒྱ་ནག་དབར་ཚོང་འབྲེལ་རྒྱ་སྐྱེད་འགྲོ་བཞིན་ཡོད་ན་ཡང་ཁོང་གིས་སྣེ་འཁྲིད་པའི་ཁེ་ན་ཌའི་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐད་ཁ་ཁུ་སིམ་པོར་ཞུགས་རྒྱུ་མིན་པ་གསུངས་འདུག།
དེ་ཡང་གཟའ་པ་སངས་ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་ཚོང་དོན་འགོ་འཁྲིད་མི་སྣ་ལྔ་བརྒྱ་ཙམ་འདུས་པའི་ཚོགས་འདུ་ཞིག་གི་ཐོག་སྐུ་ཞབས་ཧའར་པཱར་གྱིས་ང་ཚོའི་གཞུང་གིས་རྒྱལ་ཁབ་གཉིས་ཀར་ཁེ་ཕན་ལྡན་པའི་དཔལ་འབྱོར་གྱི་འབྲེལ་ལམ་རྒྱ་སྐྱེད་གཏོང་ཐབས་བྱེད་པ་དང་དུས་མཚུངས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་སོགས་གཞི་རྩའི་རིན་ཐང་དང་འབྲེལ་བའི་གནད་དོན་ཁག་གི་ཐད་གྲོས་མོལ་ལྷུགས་པོ་དང་བཟང་པོ་ཞིག་དགོས་རྒྱུར་རྟག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་དང་དེར་བརྟེན་ང་ཚོས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་མུ་འཐུད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་བྱ་རྒྱུ་ཡིན་ལ་ང་ཚོ་ཡུལ་གྲུ་གཉིས་ཀས་ཕན་ཚུན་གཉིས་ཕན་གྱི་དཔལ་འབྱོར་འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུར་འབད་བརྩོན་བྱེད་པ་བཞིན་ང་ཚོ་ཁེ་ན་ཌའི་གཞུང་འདི་འགྲོ་བ་མིའི་ཐོབ་ཐང་བཅོས་བསྒྱུར་འབྱུང་རྒྱུར་འཛེམ་ཟོན་མེད་པར་དོན་གཉེར་བྱ་མཁན་ཞིག་དང་གནད་དོན་འདིའི་ཐད་ནུས་པ་ལྡན་པའི་མཉམ་འབྲེལ་གྱི་ལས་དོན་སྤེལ་མཁན་ཞིག་ཀྱང་བྱ་རྒྱུ་ཡིན་ཞེས་གསུངས་འདུག།
ཁེ་ན་ཌའི་སྲིད་བློན་ཧའར་པཱར་མཆོག་ཕྱི་ལོ་ཉིས་སྟོང་དྲུག་ལོར་ཁེ་ན་ཌའི་སྲིད་བློན་དུ་འདེམས་ཐོན་བྱུང་རྗེས་བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་སྐྱོན་བརྗོད་ཤུགས་ཆེ་གནང་པར་རྒྱ་ནག་གི་འགོ་འཁྲིད་ཚོས་སྐྱོན་བརྗོད་ཆེན་པོ་བྱས་ཤིང་ ལྷག་པར་དུ་ཁེ་ན་ཌའི་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཁེ་ན་ཌའི་མི་སེར་གྱི་ཆེ་ཐོངས་མཚན་གནས་ཕུལ་བ་དེར་རྒྱ་ནག་གཞུང་གིས་དེ་བས་ཁོང་ཁྲོ་བྱས་ཏེ་འདས་པའི་ལོ་ཤས་རིང་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་དེ་ཙམ་གྱི་བཟང་པོ་ཞིག་བྱུང་མེད་པ་རེད་ འོན་ཀྱང་ཁེ་ན་ཌ་ནི་རྒྱ་ནག་དང་ཚོང་ལས་ཤུགས་ཆེ་ཤོས་སྤེལ་མཁན་གྱི་ཡུལ་གྲུ་ཨང་གཉིས་པ་དེ་ཡིན་པར་བརྟེན་དཔལ་འབྱོར་གྱི་འབྲེལ་ལམ་བཟང་དུ་གཏོང་ཐབས་མི་བྱེད་ཀ་མེད་ཀྱི་གནས་སྟངས་ཤིག་ཆགས་ཡོད་པ་རེད།
ཁ་སང་གཟའ་པ་སངས་ཉིན་ཁེ་ན་ཌ་དང་རྒྱ་ནག་བཟུང་འབྲེལ་གྱི་སྤྱིར་བསྒྲགས་ཤིག་སྤེལ་བ་དེའི་ནང་རྒྱ་ནག་གཞུང་ཕྱོགས་ནས་ཁེ་ན་ཌ་འདི་བཞིན་ཡུལ་བསྐོར་སྤྲོ་འཆམ་པ་འགྲོ་ཡུལ་གྱི་དམིགས་བསལ་འདེམས་ཀ་ཡོད་པའི་ཡུལ་གྲུའི་གནས་བབས་སྤྲོད་རྒྱུ་ཡིན་པ་འཁོད་ཡོད་པ་དང་ དེས་རྒྱ་ནག་ནས་ཁེ་ན་ཌར་ཡུལ་བསྐོར་སྤྲོ་འཆམ་པ་ཡོང་རྒྱུ་ལས་སླ་རུ་འགྲོ་སྲིད་པ་ཡིན་ལ་ ཁེ་ན་ཌའི་ཡུལ་བསྐོར་སྤྲོ་འཆམ་ལས་དོན་བརྒྱ་ཆ་ལྔ་བཅུ་ཙམ་གྱི་འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ཁེ་ན་ཌའི་སྲིད་བློན་ཧའར་པཱར་ཧྲང་ཧེ་གྲོང་ཁྱེར་ནས་ཧོང་ཀོང་དུ་ཕེབས་ཏེ་གཟའ་ཉི་མའི་ཉིན་ཁོང་གི་རྒྱ་ནག་གི་འཚམས་གཟིགས་དང་པོ་དེ་མཇུག་བསྒྲིལ་གནང་རྒྱུ་ཡིན་འདུག།