རྒྱ་ནག་ནང་ནད་ཡམས་ཁྱབ་ནས་མི་དམངས་ལ་གནོད་སྐྱོན་བྱུང་བ།
2009.03.27
༄༅༎དེ་རིང་རྒྱ་ནག་གི་འཕྲོད་བསྟེན་དཔོན་རིགས་ཀྱིས་བར་ལམ་རྒྱ་ནག་རྒྱལ་ཡོངས་ནང་ནད་ཡམས་ཁྱབ་འཕེལ་ཕྱིན་ཏེ་ད་བར་མི་དམངས་བཞི་ཁྲི་གཅིག་སྟོང་ལྷག་ནད་མནར་དུ་གྱུར་བ་དང་ཕྲུ་གུ་བཅོ་བརྒྱད་རྐྱེན་ལམ་དུ་ཕྱིན་པའི་སྐོར་བཤད་ཡོད་པ་རེད།
ད་རེས་འགོས་ནད་ཁྱབ་འཕེལ་འགྲོ་ཚད་ནི་ན་ནིང་ཁྱབ་སྤེལ་འགྲོ་ཚད་དང་བསྡུར་ན་ཉེ་བའི་ལོ་ཤས་དེའི་ནང་དུ་ཁྱབ་འཕེལ་ཤུགས་ཆེ་ཤོས་ཡིན་པ་དང་དེ་ཡང་ན་ནིང་འགོས་ནད་དར་བའི་དུས་ཚོད་དང་འདི་ལོའི་དུས་ཚོད་གཅིག་པ་གཉིས་བསྡུར་བའི་སྐབས་འདི་ལོ་ལྡབས་གཉིས་ཀྱི་འགོས་ནད་ཁྱབ་སྤེལ་ཕྱིན་ཡོད་པ་རེད། རྩ་བའི་འགོས་ནད་དེའི་ནད་འབུ་འགོས་ཁྱབ་བྱུང་བའི་རྗེས་མང་ཆེ་བ་ནད་གཞི་ཛ་དྲག་མེད་པ་དང་ཕྲུ་གུར་འགོས་ཁྱབ་བྱུང་ཚེ་ཚ་བ་ཕྲན་བུ་འཕར་བ་དང་ཟ་ཕྲུག་ལངས་པའི་སྔོན་རྟགས་ཐོན་པའི་རྗེས་མགྱོགས་པོ་དྲག་སྐྱེས་འགྲོ་གི་ཡོད་ཀྱང་མཚམས་རེ་ཕྲུ་གུ་མ་འབྱར་དང་ཕྲུ་གུར་འགོས་ཁྱབ་བྱུང་བའི་སྐབས་ནད་གཞི་ཚབས་ཆེན་པོར་གྱུར་སྟེ་འདས་གྲོངས་སུ་འགྲོ་གི་ཡོད་ཅིང་རྒྱལ་ས་པེ་ཅིང་གི་སྨན་ཁང་ཞིག་གི་སྨན་པ་ལི་ཤིང་ལྦང་ཟེར་བས་ནད་ཡམས་དེ་ཁྱབ་འཕེལ་འགྲོ་བའི་དུས་ཚོད་སྡུག་ཤོས་ནི་ཕྱི་ཟླ་ལྔ་པ་ནས་བདུན་པ་བར་ཡིན་པ་དང་འདི་ལོ་ནི་འགོས་ནད་དེ་དུས་ཚོད་ཀྱི་སྔོན་དུ་ཁྱབ་སྤེལ་ཕྱིན་པ་མ་ཟད་ཕལ་ཆེ་ནད་པའི་གྲངས་འབོར་ཡང་མང་དུ་འགྲོ་རྒྱུ་ཡིན་པ་བཤད་ཡོད་པ་རེད།