བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་སྐབས། བོད་ཀྱི་རང་དབང་འཐབ་རྒོལ་བའི་འགོ་ཁྲིད་ཚོའི་རེ་བ་དང་། སླུ་བྲིད་འོག་ཚུད་པའི་མྱོང་ཚོར་ཁག་ཕྱིར་དྲན་གནང་པ།
2025.02.10

*འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དབྱིན་ཡིག་ནང་ཀློག་ཐུབ།
ཁོང་གི་དགུང་ལོའི་བབ་ཀྱིས། སྤྱན་གྱིས་ཡུལ་གཟིགས་པའི་ནུས་པ་ཉམས་ཞིང་། སྙན་མཆོག་གིས་སྒྲ་ཐོས་པའི་ནུས་པ་ཉམས་པ། བཀའ་མོལ་ཡང་དལ་པོའི་ངང་མ་གཏོགས་གནང་གི་མིན་འདུག་ནའང་། བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་གསུང་འདོད་པའི་བཀའ་མོལ་རྣམས་སྐུ་ལྷོད་ངང་ནས་སྔ་ལོ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་སྐབས་གསུངས་བྱུང་།
ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱིས་ཐོག་མར་བོད་མི་ཚོས་རྒྱ་ནག་དམར་པོའི་དབང་བསྒྱུར་ནས་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་བྱས་ཀྱང་། མཐར་རྒྱབ་སྐྱོར་དེ་མཚམས་འཇོག་བྱས་པར་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་པའི་བཀའ་ཟུར་རྒྱལ་ལོ་དོན་གྲུབ་ལགས་ལ་ཐུགས་ཕམ་དང་དབུ་སྐོར་ཐེབས་པའི་ཚོར་བ་ཡང་བྱུང་འདུག
རྒྱ་གར་ནུབ་སྦང་གྷལ་མངའ་སྡེའི་ཀ་སྦུག་གྲོང་ཁྱེར་གྱི་རི་འགོར་ཆགས་པའི་སྟག་འཚེར་ཞེས་པའི་ཁོང་གི་གཞི་ཁྱིམ་ནས་འདི་གའི་རླུང་འཕྲིན་ཁང་ལ་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༡ ནང་། “ངས་ཨ་མི་རི་ཀའི་གཞུང་གིས་བོད་མིའི་རང་བཙན་འཐབ་རྩོད་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་རོམ་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་མེད།”ཅེས་དང་། “གལ་ཏེ་སྐབས་དེ་དུས་ཨ་མི་རི་ཀ་དང་རྒྱ་གར་གཞུང་གཉིས་ཀྱིས་བོད་ལ་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་བྱས་ཡོད་ན། ད་ལྟའི་བོད་ཀྱི་གནས་བབ་ཅུང་མི་འདྲ་བ་ཞིག་ཆགས་ཡོད་སྲིད།”ཅེས་གསུངས་བྱུང་།
བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་ཕྱི་རྒྱལ་གྱི་སྟོབས་ཤུགས་ལ་གཟིགས་ཚུལ་ཡག་པོ་མེད་པའི་དགོངས་ཚུལ་དེར་རྒྱ་ནག་དམར་ཤོག་ལ་ཁ་གཏད་ཀྱི་ཕར་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་བོད་མི་འཐབ་རྒོལ་བ་ཚང་མས་མོས་མཐུན་བྱེད་ཀྱི་མེད་པ་རེད། དཔེར་ན་དེའི་ཁྲོད་གཅིག་ནི་རྒྱལ་ལོ་དོན་གྲུབ་མཆོག་གི་ཕྱག་གཡས་པ་ལྟ་བུས་ལས་དོན་སྒྲུབ་མཁན་ཡོངས་གྲགས་སུ་དྲུང་ཡིག་ལྷ་མོ་ཚེ་རིང་ལགས་རེད། ཁོང་ནི་དེ་སྔ་བལ་ཡུལ་གློ་སྨོན་ཐང་དུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་འཇབ་དམག་ལས་འགུལ་སྤེལ་བའི་སྐབས་ཀྱི་མི་སྣ་གཙོ་བོའི་གྲས་ཤིག་ཡིན་ཞིང་། ཁོང་གིས་དེ་སྔོན་བཅར་འདྲིའི་ལེ་ཚན་ཞིག་གི་སྐབས། “གང་ལྟར་ཨ་མི་རི་ཀས་ང་ཚོར་ཁ་ཡོད་ལག་ཡོད་ཀྱི་རོགས་པ་བྱས་ཡོད་མེད་ལ་མ་བལྟོས་པར། ང་ཚོའི་དམིགས་ཡུལ་ལ་རྒྱབ་སྐྱོར་བྱས་ཡོད། རོགས་དངུལ་མཚམས་འཇོག་བྱས་པར་ང་སེམས་སྡུག་དེ་ཙམ་མ་བྱུང་། གང་ཡིན་ཟེར་ན་ང་ཚོས་ཨ་རི་དང་རོགས་དངུལ་དུས་བཀག་དང་འབྲེལ་བའི་གཞུང་འབྲེལ་གྲོས་མཐུན་རིགས་གང་ཡང་བཞག་མེད། མདོར་ན། རྒྱལ་ཁ་ཐོབ་མིན་ལ་མ་ལྟོས་པར་ང་ཚོས་རྒྱ་མིར་ཁ་གཏད་ཆེན་པོ་བཅག་ཡོད།” ཅེས་གསུངས་འདུག
འདས་པའི་ལོ་གཅིག་གི་རིང་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། ༢༠༢༥ ཕྱི་ཟླ་ ༢ ཚེས་ ༨ ཉིན་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་པ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གཙོས་ཆུ་བཞི་སྒང་དྲུག་གི་འགོ་ཁྲིད་དང་འཐབ་རྒོལ་བ་ཁག་ཅིག་ལ་བཅར་འདྲི་ཞུས་པ་ཡིན། ད་ལྟ་དགུང་ལོ་ ༧༠ དང་༨༠ དེ་བཞིན་ ༩༠ ཡོལ་ཟིན་པའི་འཇབ་དམག་ཟུར་པ་ཁག་ཅིག་གིས། ཁོང་ཚོས་ཀྱང་བཀའ་ཟུར་དྲུང་ཡིག་ལྷ་མོ་ཚེ་རིང་ལགས་ཀྱི་བསམ་ཚུལ་ལྟར་གཅིག་མཚུངས་ཀྱི་འགྲེལ་བརྗོད་བྱེད་ཀྱི་འདུག། འཐབ་རྒོལ་བ་མང་པོ་ཞིག་གིས་རྒྱ་དམར་དང་འཐབ་འཛིན་བྱས་པའི་རྒྱུད་རིམ་དེས་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་གྱི་འདུ་ཤེས་མཚོན་པའི་ལེའུ་གསར་པ་ཞིག་བསྐྲུན་་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བོད་མདོ་དབུས་ཁམས་གསུམ་ལས་གྲུབ་པའི་འཇབ་དམག་དེ་དག་གིས་བོད་ཅེས་པའི་ངོ་བོ་གཅིག་གི་ཐོག་ནས་རྒྱ་དམར་ལ་ཕར་རྒོལ་བྱས་པའི་གཅིག་སྒྲིལ་གྱི་ནུས་པ་དེ་དེང་སྐབས་བཙན་བྱོལ་བོད་མིའི་ཆབ་སྲིད་འགྲོ་ལུགས་ནང་གནས་ཐུབ་ཡོད་པ་བརྗོད་ཀྱི་འདུག་ལ། འོན་ཀྱང་བོད་མི་འཇབ་དམག་ཟུར་པ་དང་གནད་དོན་དབྱེ་ཞིབ་པ་ཚོས། བོད་མིས་རྒྱ་དམར་ལ་ཕར་རྒོལ་བྱས་པའི་ལོ་རྒྱུས་དེ་བརྗེད་སྲིད་པ་དང་། ནང་ཁུལ་ཤོག་ཁག་འཐེན་འཁྱེར་གྱི་དབང་གི་ཆིག་སྒྲིལ་གྱི་ནུས་པ་ཉམས་སྲིད་པ། ཡང་ན་ལོ་རྒྱུས་ཀྱི་བྱུང་བ་ཁག་ཆ་ཚང་བའི་སྒོ་ནས་རྒྱུད་སྤེལ་བྱེད་མ་ཐུབ་པ་སོགས་ཀྱི་ཉེན་ཁ་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག
—
སྤྱི་ལོ་ ༡༩༥༩ ལོར་དངོས་སུ་འགོ་བཙུགས་ཏེ། ༡༩༧༤ ལོར་མཇུག་སྒྲིལ་བའི་བོད་མིའི་འཐབ་རྒོལ་ལས་འགུལ་ལ། བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་ཕྱིར་བལྟས་ཀྱིས་དྲན་གསོ་གནང་སྐབས། ཁོང་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཞིབ་ཕྲ་འགྲེལ་བཤད་སྐྱོན་རྒྱུར་ཐུགས་མོས་ཆེན་པོ་གནང་མ་བྱུང་།
དཔེར་ན་ཁོང་གིས། “ཨ་རིའི་དབུས་གསང་བ་ལས་ཁུངས་ལ་ངས་འབྲེལ་བ་བྱས་མེད།” ཅེས་དང་། ཉི་ཧོང་རྒྱལ་ས་ཊོཀྱོ་རུ་ཡོད་པའི་ངའི་གཅེན་པོ་(སྟག་འཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ)་ལགས་སུ། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་རོགས་རམ་དགོས་པའི་རེ་སྐུལ་ཞུས་པ་ལྟར། ཁོང་ཊོཀྱོ་ནས་རྒྱ་གར་ལ་གདན་འདྲེན་ཞུས་ཤིང་། ངའི་གཅེན་པོས་ང་ཨ་རིའི་གསང་བ་ལས་ཁུངས་ལ་ངོ་སྤྲོད་གནང་བྱུང་། དེ་རྗེས་ཆེད་མངགས་རྒྱ་གར་ལ་སླེབས་པའི་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་མི་སྣས་ང་ལ་བོད་མི་འཐབ་རྒོལ་བ་ཚོ་ཨ་རིའི་དབུས་གསང་བ་ལས་ཁུངས་ལ་ངོ་སྤྲོད་དགོས་པ་བརྗོད་བྱུང་།”ཞེས་སྔ་ལོ་ཕྱི་ཟླ་ ༡༡ པའི་བཅར་འདྲིའི་སྐབས་གསུངས་བྱུང་།
“ང་ལ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས། བོད་རང་བཙན་ཆེད་དུ་རོགས་སྐྱོར་བྱེད་རྒྱུའི་འདུན་པ་ཡོད་པ་དང་། ང་ཚོར་རོགས་རམ་བྱེད་རྒྱུ་ཡིན་པ་བརྗོད་པར་བརྟེན། ངས་བོད་མིའི་འཇབ་དམག་ལས་འགུལ་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་ངོ་སྤྲོད་བྱས་པ་ཡིན།”ཞེས་གསུངས་བྱུང་།

༢༠༡༥ ལོའི་འདོན་སྤེལ་གནང་བའི་ཁོང་གི་ཕྱག་དེབ་༼ཀ་ལིམ་པུང་གི་ཐུག་པ་ལས་བཟོ་བ་༽ཞེས་པའི་ནང་ཁོང་དང་བོད་མིའི་འཇབ་དམག་གི་ལོ་རྒྱུས་སྐོར་ཞིབ་ཚགས་གླེང་འདུག་པ་དེའི་ནང་། དེ་སྔ་རྒྱ་དམར་གྱིས་བཙན་འཛུལ་བྱེད་པའི་སྐབས་ཀྱི་དཀའ་སྡུག་དང་། བློ་སྟོབས་ཆེ་བའི་ཆུ་བཞི་སྒང་དྲུག་གི་འཐབ་རྒོལ་བའི་སྐོར། དེ་བཞིན་འཇབ་དམག་ཚོར་འཕྲད་པའི་ཆབ་སྲིད་ཀྱི་དཀའ་ངལ་སོགས་བཀོད་འདུག
དེབ་འདིའི་ནང་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས། དུས་རབས་ཉི་ཤུ་པའི་དཀྱིལ་ནང་། བོད་ཀྱི་གནས་སྟངས་ནི་བཅོས་བསྒྱུར་བྱེད་འོས་པའི་སྤྱི་ཚོགས་ཤིག་ཡིན་པ་བཀོད་འདུག་པ་མ་ཟད། བོད་རང་བཙན་གྱི་མངའ་དབང་དང་། ༸རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་ནི་རྩོད་མེད་ཀྱི་གནད་དོན་ཁག་ཡིན་པ་གསལ་སྟོན་གནང་འདུག
སྐོུ་རྒྱལ་ལོ་དོན་གྲུབ་མཆོག་་སྐུ་ན་ཕྲ་མོ་ཡིན་པའི་སྐབས། ཁོང་གི་སྐུ་མཆེད་ཆུང་བ་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་་ཆེན་པོར་ངོས་འཛིན་ཞུས་ཤིང་། རྒྱ་ནག་གི་བཅིངས་འགྲོལ་དམག་མིས་བོད་ཤར་ཕྱོགས་ཁམས་ཁུལ་ནས་བཙན་འཛུལ་དང་དཔུང་འཇུག་བྱེད་འགོ་བཙུགས་སྐབས།༸རྒྱལ་བ་རིན་པོ་ཆེ་དགུང་ལོ་ ༡༠ ཙམ་ལས་ཕེབས་མེད་པ་རེད།
རྒྱལ་ལོ་དོན་གྲུབ་མཆོག་སྐུ་ན་དར་ལ་སོན་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་ལ་ཐུགས་ཕན་གསོས་པའི་རེ་བའི་དམིགས་ཡུལ་གྱི་ཐོག་ནས་ཁོང་རྒྱ་ནག་ཏུ་ལོ་འགའ་ཤས་སློབ་སྦྱོང་དུ་ཆེད་རྫོང་གནང་ཞིང་། འོན་ཀྱང་བོད་ནང་དུས་བསྒྱུར་ཤུགས་ཆེ་བྱུང་བའི་རྐྱེན་གྱི་བོད་དུ་ཕྱིར་ལོག་གནང་ཐུབ་མེད་པ་རེད།། ༡༩༥༢ ཙམ་ནས་ཁོང་རྒྱ་གར་དུ་གནས་བཞུགས་གནང་འགོ་བཙུགས་པ་དང་། བོད་ནང་དུས་ཟིངས་དང་འཐབ་རྒོལ་གྱི་ལས་འགུལ་ཐོག་མ་སྤེལ་བའི་སྐབས་ཁོང་རྒྱ་གར་ནང་ཡོད་པ་རེད།
དེ་ནས་ ༡༩༥༤ ལོར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་རོགས་རམ་བྱེད་རྒྱུ་འགོ་བཙུགས་ནས་འཆར་གཞི་དངོས་སུ་འདིང་བའི་སྐབས་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ནི་འབྲེལ་མཐུད་གནང་མཁན་གཙོ་གྲས་ཤིག་ཏུ་གྱུར་འདུག
རོགས་སྐྱོར་དང་འབྲེལ་བའི་འཆར་གཞི་དངོས་སུ་ལག་བསྟར་བྱེད་པར་ལོ་འགའ་ཤས་འགོར་འདུག་ཅིང་། ལོ་རབས་ལྔ་བཅུའི་མཇུག་ཙམ་ནས། ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱིས། གསང་བའི་ས་ཚིགས་ཁག་ཅིག་ཏུ་འཐབ་རྒོལ་ནང་ཞུགས་མཁན་བོད་མི་༢༠༠ལྷག་ལ་གསང་བའི་སྦྱོང་བརྡར་སྤྲད་ཡོད་པ་རེད།

སྤྱི་ལོ་༡༩༥༡ ལོར་གསང་བའི་སྦྱོང་བརྡར་གྱི་བརྟེན་གཞི་དེ་ཨ་རིའི་ཀོ་ལོ་ར་ཌོ་མངའ་སྡེའི་རི་རྒྱུད་ (Rocky Mountains) ཀྱི་མཐོ་སྒང་ཁུལ་དུ་ཆགས་པའི་ཀེམཔ་ཧེལ་ (Camp Hale) དམག་སྦྱོང་ས་ཚིགས་སུ་གནས་སྤོས་བྱས་ཤིང་། ས་ཚིགས་དེ་ནི་དེ་སྔ་ཨ་རིའི་དམག་དཔུང་ལ་གསང་བའི་སྦྱོང་བརྡར་སྤྲོད་ས་ཞིག་ཀྱང་ཡིན་པ་མ་ཟད། ༡༩༦༤བར་བོད་མི་འཐབ་རྒོལ་བ་ཚོར་ས་ཁུལ་དེར་གསང་བའི་དམག་སྦྱོང་སྤྲད་བའི་རྗེས། ས་ཚིགས་དེའི་སྐོར་ལོ་ངོ་བཅུ་ཕྲག་མང་པོའི་རིང་གསང་བ་དམ་པོའི་འོག་བཞག་པའི་རྐྱེན་གྱིས་ལོ་མང་རིང་བརྙེད་སོན་མ་ཐུབ་པར་གནས་ཡོད། འོན་ཀྱང་༢༠༢༤ ལོར་སླར་ཡང་ངོ་ཐག་ཆོད་པའི་རྗེས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། ཁུལ་དེར་ལས་ཀ་བྱས་་མྱོང་མཁན་ཨ་རིའི་དབུས་གསང་བ་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་དང་ད་ལྟ་གསོན་གནས་ཞུགས་པའི་བོད་མི་འཐབ་རྒོལ་བ་ཁག་གཅིག་ལ་འབྲེལ་ཏུག་དང་བཅར་འདྲི་བྱས་པ་ཡིན།
—
ཕྱི་ལོ་ ༡༩༥༨ ལོར་བསོད་ནམས་དབང་ཕྱུག་ལགས་ལོ་གཞོན་ཡིན་པའི་སྐབས་ཡབ་གཞིས་ཚང་གིས་རྒྱ་གར་དུ་སློབ་སྦྱོང་བྱེད་པར་འབོད་འགུགས་གནང་ཞིང་། ཡིན་ན་ཡང་ཁོང་གིས་འབོད་འགུགས་ཀྱི་རང་བཞིན་ངོ་མ་དེ་གསང་བའི་ལས་དོན་གྱི་ཆ་ཤས་ཤིག་ཡིན་པ་ཁོང་གིས་སྐབས་དེར་ཤེས་རྟོགས་མེད་པ་རེད།
ཁོང་ཚོ་མེ་ལེ་བརྒྱ་ཕྲག་མང་པོ་རྟ་དྲེལ་དང་རྐང་ཐང་བརྒྱུད་རི་ཀླུང་བརྒལ་ནས་མཐར་ཀ་སྦུག་ཏུ་འབྱོར་རྗེས། བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས། བསོད་ནམས་དབང་ཕྱུག་ལགས་དང་བོད་མི་ཁག་ཅིག་ལ་དབྱིན་ཡིག་སྦྱོང་རྒྱུའི་གོ་སྒྲིག་གནང་ཡོད་པ་རེད།

འོན་ཀྱང་། དབྱིན་སྐད་སློབ་ཁྲིད་དེས། ཁོང་གི་གཞོན་ནུའི་མི་ཚེར་དགོས་པའི་དམིགས་ཡུལ་གསར་པ་ཞིག་བསྐྲུན་ཞིང་། དེ་ནི་བསོད་ནམས་དབང་ཕྱུག་ལགས་ལ་བོད་གཅིག་འགྱུར་གྱི་འདུ་ཤེས་ཤུགས་ཆེ་སླེབས་པ་དེ་ཡིན་པ་གསུང་གི་འདུག
“ང་ཚོར་བོད་མི་ཡིན་པའི་སྤོབས་པ་ནི་ཧ་ཅང་ཤུགས་ཆེན་པོ་ཡོད་ཅེས་དང་། ལྷག་པར་དུ་བོད་ཆོལ་ཁ་གསུམ་ཀ་ནས་འཐབ་རྒོལ་བ་ཡོད་པ་དེ་དག་གི་ཁྲོད་ད་ལྟ་མཐོང་བཞིན་པའི་ལུང་ཚན་དང་འཐེན་འཁྱེར་སོགས་ཀྱི་གནས་ཚུལ་གང་ཡང་མེད་པ་རེད། ང་ཚོ་ནི་བོད་མི་རིགས་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་རང་སྲོག་བློས་གཏོང་རྒྱུའི་གྲ་སྒྲིག་ཡོད།” ཅེས་ཁོང་གིས་ཕྱིར་དྲན་གནང་སོང་།
༡༩༦༡ ལོར་བསོད་ནམས་དབང་ཕྱུག་ལགས་ཨ་རིར་གསང་བའི་སྦྱོང་བརྡར་ཆེད་འབྱོར་ནས་ཟླ་བ་དགུའི་རིང་གནས་སྡོད་བྱས་འདུག “སྐབས་དེར་ང་རང་ལོ་ན་ཧ་ཅང་ཆུང་ཆུང་དང་ཉམས་མྱོང་མེད་པ་ཞིག་རེད།” ཅེས་ཁོང་གིས་སྦྱོང་བརྡར་དེ་དཀའ་ལས་ཁག་པོ་ཡོད་མེད་ལ་མ་བལྟོས་པར། དགའ་སྤོབས་ངང་ནས་གསང་བའི་སྦྱོང་བརྡར་ལ་བཞུགས་ཡོད་པ་དྲན་གསོ་གནང་གི་འདུག སྐབས་ཤིག་ལ། མི་མེད་ལུང་སྟོང་ས་ཁུལ་དུ་འཚོ་གནས་ཇི་ལྟར་བྱེད་དགོས་པའི་སྦྱོང་བརྡར་ནང་ཞུགས་པའི་སྐབས། དུག་ཡོད་པའི་རི་སྐྱེས་ཤ་མོ་བཟས་པའི་རྐྱེན་གྱིས། ན་ཚ་ཕོག་སྟེ་སྨན་ཁང་དུ་འགྲོ་དགོས་བྱུང་བ་དང་སྦྱོང་བརྡར་དེ་ཡང་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་འདུག
“ང་ཚོ་དུས་ཚོད་གང་འདྲ་ཞིག་དང་ས་གནས་ག་པར་ཡིན་ཡང་རང་སྲོད་བློས་གཏོང་གི་དུས་ཚོད་སླེབས་ཚེ་དེ་ལྟར་བྱེད་རྒྱུར་ཐེ་ཚོམ་མེད། ངས་ཀུ་རེ་བྱས་པ་མིན་ལ། འུར་སྒྲོགས་བྱས་པ་ཡང་མིན། སྐབས་རེ་ངས་ཕྱིར་བལྟས་བྱེད་སྐབས། ཨ་་་། མི་ཞིག་ལ་འདི་ལྟ་བུའི་བསམ་བློ་ཇི་ལྟར་ཡོང་བ་ཡིན་ནམ་སྙམ་ནས་ངོ་མཚར་སྐྱེས་ཀྱི་འདུག བརྒྱ་ཆ་བརྒྱ་ཐམ་པ་རྒྱལ་ཞེན་ཅན་ཤ་སྟག་རེད།” ཅེས་ཚོར་ཤུགས་ཆེན་པོས་བརྗོད་བྱུང་།
དེ་དང་དུས་མཚུངས། བོད་ནང་དུ་ཡང་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་གྱི་རྣམ་པ་ཇེ་ཆེར་ཕྱིན་པ་དང་། ༡༩༥༨ ལོའི་བར་མདོ་ཁམས་ཁུལ་དུ་ཧ་ལམ་ལོ་ངོ་བཅུ་མ་ཟིན་ཙམ་ཞིག་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་དམར་ཤོག་ལ་འཐབ་རྒོལ་བྱས་པའི་ནུས་པ་དེ་དག་རིམ་པས་མཐར་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྡེའི་ནང་གཅིག་འདུས་བྱུང་ཡོད་པ་རེད།
—

ཚེ་རིང་རྡོ་རྗེ་ལགས་ནི། ༡༩༦༢་ལོར་ཀེམཔ་ཧེལ་ (Camp Hale)རུ་འབྱོར་སྐབས་དགུང་ལོ་༢༣་ཡིན་པ་རེད། ཁོང་རྒྱ་གར་ནང་སློབ་གྲྭ་ཐོན་མ་ཐག་པའི་ན་གཞོན་ཞིག་ཡིན་སྐབས་ཆུ་བཞི་སྒང་དྲུག་གི་སྤྱི་ཁྱབ་བཀོད་འདོམས་པ་མགོན་པོ་བཀྲིས་ལགས་ཀྱིས་ཁོང་ལ་འབྲེལ་བ་གནང་ཞིང་། བསོད་ནམས་དབང་ཕྱུག་ནང་བཞིན། ཁོང་ཡང་བོད་མི་སྐད་བསྒྱུར་བ་མི་གྲངས་དགུ་ཡོད་པའི་གྲས་ཤིག་ཆགས་པ་རེད།
ད་ལྟ་ཁོང་ཨ་རིའི་ཁེ་ལི་ཧྥོར་ནི་ཡ་ནང་བཞུགས་མུས་ཡིན་ཞིང་། ཁོང་གིས། དེ་སྔ་ཀོ་ལོ་ར་ཌོ་མངའ་སྡེའི་ནང་གསང་བའི་ལས་དོན་ཐོག་མཉམ་ཞུགས་པ་ཚོ་དྲན་གསོ་འདི་ལྟར་གནང་གི་འདུག “གནམ་གྲུར་བཞུགས་ཏེ་ང་ཚོ་ཐའེ་ལེནཌ་བརྒྱུད་ཉེ་ཧོང་གི་ཨོ་ཀི་ན་ཝ་(Okinawa)རུ་འཕུར་བའི་སྐབས་ང་ཚོས་སོ་སོའི་གྱོན་ཆས་ཕུད་ནས་ཨ་རིའི་དམག་ཆས་སྤྲད་བྱུང་བ་དེ་དག་གྱོན་པ་ཡིན། དེ་ནས་ཌེན་ཝར་(Denver)ལ་ཕྱིན་ཏེ། མཐར་ལྗིད་ཐེག་རླངས་འཁོར་བརྒྱུད་དམག་སྒར་ཀེམཔ་ཧེལ་དུ་འབྱོར་སོང་།” ཞེས་འགྲེལ་བརྗོད་གནང་བྱུང་།
ཚེ་རིང་རྡོ་རྗེ་ལགས་ཀྱིས། “ངའི་ནང་མིས་ཀྱང་ང་གང་དུ་འགྲོ་རྒྱུ་ཡིན་པ་ཤེས་ཀྱི་མེད། ང་ཚོ་རྡོ་རྗེ་གླིང་ནས་མེ་འཁོར་བརྒྱུད་མི་གཞན་དང་མཉམ་དུ་ལྡི་ལིར་ཕྱིན་པ་ཡིན། འོན་ཀྱང་། ང་ཚོ་ལྡི་ལིར་འབྱོར་ནས་གནམ་གྲུའི་ནང་འཛུལ་བའི་རྗེས་ཀྱི་གནས་ཚུལ་ཡོངས་རྫོགས་གསང་བ་བྱས་པ་རེད།” ཅེས་འགྲེལ་བརྗོད་གནང་བྱུང་།
བསོད་ནམས་བང་ཕྱུག་ལགས་ནང་བཞིན། གསང་བའི་སྦྱོང་བརྡར་བའི་གྲུབ་ཆའི་སྐོར་ཁོང་གི་ངོ་སྤྲོད་གནང་དོན། “གསང་བའི་འཐབ་རྒོལ་གྱི་སྒྲིག་འཛུགས་དེ་ནི་ཁམས་དང་ཨ་མདོ། དབུས་གཙང་བཅས་བོད་ཆོལ་ཁ་གསུམ་གྱི་མི་སྣ་ལས་འདུས་ཡོད་པའི་སྐྱིད་སྡུག་མཉམ་མྱོང་གི་སྒྲིག་འཛུགས་ཤིག་ཏུ་འགྱུར་ཡོད་པ་མ་ཟད། ཚང་མར་རྒྱབ་ལྗོངས་མི་འདྲ་བ་ཡོད་མིན་ལ་མ་བལྟོས་པར། རང་གི་རྩ་དོན་དང་ལས་དོན་སྒྲུབ་པར་སློབ་སྦྱོང་བྱེད་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་ཤ་སྟག་རེད།།” ཅེས་གསུང་གི་འདུག

ཚེ་རིང་རྡོ་རྗེ་ལགས་ལོ་གཉིས་རིང་ཀེམཔ་ཧེལ་དུ་སྐད་སྒྱུར་གྱི་ཕྱག་ལས་གནང་ཞིང་། གཞན་ཚོ་བལ་ཡུལ་དང་རྒྱ་གར་ནང་གནམ་གཡུག་བཏང་ཡོད་པ་རེད། ལོ་དྲུག་རིང་གི་གསང་བའི་སྦྱོང་བརྡར་ཁྲོད་བོད་མི་འཐབ་རྒོལ་བ་༤༩ ཐད་ཀར་བོད་ནང་གནམ་མཆོངས་བརྒྱབ་འདུག་པ་དང་། འཆར་གཞི་ལྟར་ན། སྦྱོང་བརྡར་ཐོབ་པའི་འཐབ་རྒོལ་བ་དེ་དག་གི་ལས་འགན་ནི་བོད་ཀྱི་ས་ཁུལ་འདྲ་མིན་ནས་འཐབ་རྒོལ་བ་གསར་པ་འཚོལ་བསྡུ་བྱེད་རྒྱུ་དང་། སྦྱོང་བརྡར་སྤྲོད་རྒྱུ། དེ་བཞིན་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱིས་གནམ་གཡུག་བཏང་བའི་མེ་མདའ་ལ་སོགས་པའི་མཚོན་ཆ་དང་རླུང་འཕྲིན་སོགས་བགོ་འགྲེམས་བྱེད་རྒྱུ་ཡིན་འདུག
འཆར་གཞི་དེར་ལམ་ལྷོངས་དེ་ཙམ་བྱུང་མེད། བོད་ནང་གནམ་མཆོང་རྒྱབ་མཁན་འཐབ་རྒོལ་བ་བཅུ་ཕྲག་བཞི་ལྷག་བྱུང་བའི་ཁྲོད་ནས་མི་༡༢ ཙམ་ལས་གསོན་གནས་ཐུབ་མེད་པ་རེད་འདུག དེའི་ནང་ནས་མི་གཉིས་རྒྱ་མིས་འཛིན་བཟུང་དང་། གཞན་གོ་ཐོས་མེད་པ་གྱུར་བ་དེ་དག་རིམ་པས་རྒྱ་གར་ནང་བྲོས་བྱོལ་དུ་སླེབས་ཡོད་པར་བོད་མི་ཁག་ཅིག་གི་ཡིད་ཆེས་བྱེད་བཞིན་འདུག
ལོ་ངོ་བཅུ་ཕྲག་འགའ་ཤས་ཤིག་ལ་ཕྱི་མིག་བལྟས་ཚེ། བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས། ལས་འཆར་དེའི་སྐོར་བཀའ་མོལ་གནང་བའི་སྐབས་ཐུགས་ཡིད་མ་ཚིམ་པའི་རྣམ་པ་ཆེན་པོ་སྟོན་གནང་ཞིང་། དཔེར་ན་ཁོང་གི་དྲན་ཐོའི་ཕྱག་དེབ་དང་། བཅར་འདྲི་གཉིས་ཀའི་ནང་། འཆར་གཞི་དེ་ནི་ཐོག་མ་ཉིད་ནས་མ་སྒྲུབ་རྒྱུ་ངེས་པ་ཞིག་ཡིན་པ་ངོས་འཛིན་གནང་འདུག
བཀའ་ཟུར་རྒྱལ་ལོ་དོན་གྲུབ་ལགས་ཀྱིས། “བོད་ནང་ས་ཁུལ་སོ་སོར་བོད་མིའི་འཐབ་རྒོལ་བ་སྟོང་ཕྲག་འགའ་ཤས་ཡོད་ནའང་། ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱིས་གོ་མཚོན་དང་མཚོན་ཆ་ནི་ཧ་ཅང་གི་ཉུང་ངུ་ཞིག་ལས་སྤྲད་མེད།” ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
འཐབ་རྒོལ་བ་ཁྲི་བཞི་ཙམ་གྱིས་བོད་ཀྱི་རྩ་དོན་དེའི་ཆེད་དུ་མཉམ་ཞུགས་བྱས་ཡོད་ཀྱང་། གོ་མཚོན་གྱི་རྒྱབ་སྐྱོར་ནི་འཐབ་རྒོལ་བའི་སྡེ་ཁག་བརྒྱ་ཕྲག་འགའ་ཤས་ལ་འདང་ངེས་མ་གཏོགས་སྤྲད་མེད་པ་ཁོང་གིས་ཚོད་དཔག་གནང་གི་འདུག།
སྐབས་རེ་འདས་པའི་ལོ་རྒྱུས་ནང་། བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་རང་ཉིད་ཀྱིས་བརྩམས་གནང་པའི་ལས་དོན་འགའ་ཤས་ལ་གནོང་འགྱོད་སྐྱེས་པ་ལྟ་བུ་བྱུང་འདུག དཔེར་༢༠༢༢ ལོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། ཁོང་གི། སྐུ་ཚེའི་ལོ་རྒྱུས་དང་། ཤུལ་བཞག དེ་བཞིན་སྐུ་ཚེའི་ལོ་རྒྱུས་ནང་དུ་འགྱོད་པ་སྐྱེས་དགོས་པའི་གནས་ཚུལ་འདྲ་བྱུང་ཡོད་མེད་སྐོར་བཀའ་འདྲི་ཞུས་སྐབས། དབུགས་རིང་ཞིག་བཏང་གནང་སྟེ་ “བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད། ངས་ཁོང་ཚོར་རོགས་པ་བྱས་ཐུབ་མ་སོང་བསམ་ནས་སེམས་སྡུག་མང་པོ་བྱུང་མྱོང་།” ཞེས་གསུངས་བྱུང་།
ནུབ་ཕྱོགས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཀྱང་། ཨ་མི་རི་ཀའི་རོགས་རམ་གྱི་དམིགས་ཡུལ་ངོ་མ་ནི་དངོས་སུ་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པ་ཞིག་མིན་པར། རྒྱ་ནག་ནང་འཁྲུག་སློང་ཆེད་ཡིན་པ་བརྗོད་ཀྱི་ཡོད།
དེ་སྔ་ཀེམཔ་ཧེལ་དུ་བོད་མི་འཐབ་རྒོལ་བ་ཚོར་དམག་སྦྱོང་སྤྲོད་མྱོང་མཁན་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་ཇོནཱ་ཀནཐ་ནུ་སི་(John Kenneth Knaus)ཡིས་བརྩམས་པའི་གྲང་དམག་གི་དྭ་ཕྲུག་(Orphans of cold war)ཅེས་པའི་དཔེ་དེབ་ནང་། “ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་ཚོར་རྒྱབ་སྐྱོར་བྱས་པ་དེ་ནི་གྲང་དམག་སྐབས་ཨ་རིའི་གཞུང་གིས་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་འགུལ་བེད་སྤྱད་ནས་དམར་པོའི་རིང་ལུགས་ཁྱབ་སྤེལ་འགོག་ཐབས་ཀྱི་སྲིད་བྱུས་དང་འབྲེལ་བ་ཆགས་པ་ཤིག་རེད་ཅེས་དང་། བོད་མི་ཚོར་རྒྱ་ནག་དམར་པོའི་གཞུང་གི་ཁ་གཏད་དུ་ལངས་རྒྱུར་རོགས་སྐྱོར་བྱས་པ་ནི་སྲིད་བྱུས་དེ་དང་མཐུན་པ་ཞིག་རེད་” ཅེས་བཀོད་འདུག

འོན་ཀྱང་། ལོ་རབས་དྲུག་བཅུའི་འགོ་སྟོད་དུ་ཨ་རིས་རྒྱ་ནག་ཐོག་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་ལ་འགྱུར་བ་འགྲོ་འགོ་ཚུགས་རྗེས་བོད་མིར་རོགས་སྐྱོར་གྱི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་ཏེ། མཐར་༡༩༦༤ ལོར་ཀེམཔ་ཧེལ་དམག་སྦྱོང་ས་ཚིགས་དེ་སྒོ་རྒྱག་དགོས་པ་བྱུང་ཡོད། དེ་སྔ་ཀེམཔ་ཧེལ་རུ་ཕྱག་ལས་གནང་མྱོང་མཁན་ད་ལྟ་གསོན་གནས་ཞུགས་པ་ཨ་རིའི་གསང་བ་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་སྐུ་ཞབས་སྦུརསི་ཝོལ་ཀར་Bruce Walker ལགས་ཀྱིས། ༢༠༢༤ ལོའི་སྤྱི་ཟླ་དྲུག་པའི་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། “སྲིད་འཛིན་ནིཀ་སོན་(Nixon)རྒྱ་ནག་ཏུ་གཙོ་འཛིན་མའོ་དང་ཐུགས་འཕྲད་བྱེད་པར་ཕེབས་སྐབས་མའོའི་ཆ་རྐྱེན་གཅིག་ནི་ཨ་མི་རི་ཀས་༸རྒྱལ་བ་རིན་པོ་ཆེ་(བོད་མིའི་འཐབ་རྒོལ་བའི་ལས་གཞི་)དང་འབྲེལ་བ་གཅོད་དགོས་སྐོར་བཤད་པ་དེ་ཡིན་པ་ངས་ཤེས་ཀྱི་ཡོད།” ཅེས་འགྲེལ་བརྗོད་གནང་བྱུང་། དེ་རྗེས་༡༩༧༣ ལོར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མིའི་འཐབ་རྒོལ་གྱི་ལས་གཞིར་རྒྱབ་སྐྱོར་ཡོངས་རྫོགས་མཚམས་འཇོག་བྱས་པ་རེད།
འཐབ་རྒོལ་གྱི་སྒྲིག་འཛུགས་ལ་ཉམས་ཉེས་ཆེན་པོ་དང་པོ་དེ་ནི་བརྩིས་མཐོང་ཆེན་པོ་ལྡན་པའི་ཆུ་བཞི་སྒང་དྲུག་གི་འགོ་ཁྲིད་ཁམས་པའི་ཚོང་པ་གྲགས་ཅན་དགོན་པོ་བཀྲ་ཤིས་ལགས་དེ་སྔོན་རྒྱ་ནག་བཅིངས་འགྲོལ་དམག་དང་འཐབ་འཛིང་བྱས་ནས་རྨས་སྐྱོན་ཕོག་པའི་རྐྱེན་གྱིས། སྤྱི་ལོ་ ༡༩༦༤ ལོ་འདས་གྲོངས་སུ་ཕེབས་པ་དེ་ཡིན་པ་རེད།
“དེ་ནི་རྒྱལ་ཁབ་ཁྱོན་ཡོངས་ཀྱི་ཕམ་ཁ་ཞིག་རེད།” ཅེས་མགོན་པོ་བཀྲ་ཤིས་ལགས་འདས་གྲོངས་སུ་ཕྱིན་པའི་སྐབས་རྒྱ་གར་དུ་ཡོད་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས་བརྗོད་བྱུང་། “ཁོང་ནི་འཐབ་རྒོལ་བ་ཚོའི་ཆིག་སྒྲིལ་གྱི་མཚོན་རྟགས་ཡིན་པར་ཐེ་ཚོམ་མེད། ས་ཁུལ་གང་ནས་ཡིན་མིན་ལ་མ་བལྟོས་པར་འཐབ་རྒོལ་བའི་རུ་ཁག་ཚང་མས་ཁོང་ལ་བརྩི་བཀུར་བྱས་པ་དང་ཆབས་ཅིག ཁོང་གི་ལམ་སྟོན་ལ་ཤར་བསྐྱོད་བྱེད་ཀྱི་ཡོད། འོན་ཀྱང་། ཁོང་མེད་པ་ཆགས་པ་ནས་བཟུང་། བོད་མིའི་འཐབ་རྒོལ་བ་ཚོའི་ཆིག་སྒྲིལ་གྱི་ནུས་པ་ཉམས་ཤིང་འགོ་ཁྲིད་འདྲ་མིན་གྱིས་སོ་སོའི་རུ་ཁག་བཟོས་ནས་རང་སྣང་གང་དྲན་བྱས་པའི་གནས་ཚུལ་བྱུང་བ་རེད།” ཅེས་འགྲེལ་བརྗོད་གནང་བྱུང་།

མི་རྒྱུད་དཔྱད་རིག་པ་དང་ལོ་མང་རིང་བོད་མིའི་འཐབ་རྒོལ་བའི་སྐོར་ཉམས་ཞིབ་གནང་མཁན་ཁ་རོལ་མེག་གྷརཱ་ན་ཧེན་ (Carole McGranahan) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྐབས་དེ་དུས་གས་ཆག་བྱུང་བའི་ཤུགས་རྐྱེན་དེ་ད་ལྟའི་བཙན་བྱོལ་བོད་མིའི་ངོ་བོ་དང་ཆབ་སྲིད་ཀྱི་ནང་དུ་ཡང་ཐོན་བཞིན་ཡོད་པ་དེར་བསྐྱར་ཞིབ་བྱེད་ཚེ། བོད་མིའི་འཐབ་རྒོལ་གྱི་ལས་གཞི་དེ་གཅིག་སྒྲིལ་རང་བཞིན་གྱི་བོད་མིའི་འཐབ་རྩོད་དང་འབྲེལ་བ་གཏིང་ཟབ་ཡོད་པ་སྟོན་ཡོད་པར་ངོས་འཛིན་གནང་གི་འདུག
“བཙན་བྱོལ་ནང་ཆིག་སྒྲིལ་གྱི་གླེང་པའི་སྐབས་། རྒྱལ་ཁབ་ཀྱི་ངོ་བོའི་ནང་ཆོལ་ཁའི་ངོ་བོ་མཉམ་གནས་བྱེད་རྒྱུ་ཁག་པོ་ཡིན་པའི་གནད་དོན་སྐབས་རེ་ཡོང་གི་ཡོད་པ་རེད།་” ཅེས་ཉམས་ཞིབ་པ་མེག་གྷརཱ་ཧེན་ལགས་ཀྱིས་གསུངས་བྱུང་།
ཡང་ཉམས་ཞིབ་གནང་མཁན་མེག་གྷརཱ་ན་ཧེན་ (McGranahan)ལགས་ཀྱིས། “བོད་ས་ཁྱོན་ཡོངས་ནས་བོད་མི་ཚོས་འཐབ་འཛིང་བྱས་པའི་གཏམ་རྒྱུད་ལ་རྒྱུས་ལོན་བྱེད་པའི་སྐབས། དཀའ་ངལ་མེད་པ་མ་ཡིན་ཡང་། ཞུམ་པ་མེད་པར་མཉམ་རུབ་ཀྱིས་འཐབ་རྩོད་བྱས་པའི་ལོ་རྒྱུས་དེ་ཤེས་པ་ཡིན་ན། བཙན་བྱོལ་བ་ཚོས་ཀྱང་སྤོབས་པ་བྱེད་འོས་པའི་ཚོར་བ་ཞིག་འབྱུང་བ་དང་མཉམ་དུ་རང་གི་ངོ་བོ་དང་། ཡུལ་ལུང་སོ་སོའི་ལོ་རྒྱུས། དེ་བཞིན་རིག་གཞུང་འབུར་ཐོན་ཡོད་པ་བདག་ཉར་ཐོག་བོད་མི་རིགས་སྤྱིའི་ཐུན་མོང་གི་ཁེ་ཕན་ཆེད་མདུན་བསྐྱོད་ཀྱི་ལམ་བུར་བསྐྱོད་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་འདུག” ཅེས་གསུངས་བྱུང་།
སྔ་ལོ་ཀ་ལོན་སྦུག་ཏུ་ཁོང་གི་བཞུགས་གནས་སྟག་འཚེར་གཟིམས་ཁང་དུ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། “ངའི་རེ་བར་བོད་མི་ཚོ་རྡོག་རྩ་ཆིག་སྒྲིལ་དང་འཆམ་མཐུན་ངང་ཕྱག་ལས་གནང་སྟེ་བོད་ཀྱི་རིག་གཞུང་དང་། བོད་ཀྱི་གནས་བབ་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་བཟོས་ནས་སེམས་ཤུགས་མ་ཆགས་པར་མུ་མཐུད་དཀའ་ངལ་སེལ་ཐབས་བྱེད་རྒྱུ་གལ་ཆེ་ཡིན་པས། ཚང་མས་ཧུར་ཐག་གནང་རོགས་”ཞེས་གསུངས་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས། པ་སང་ཚེ་རིང་། སྦོར་དྷེངྒ་། (Boer Deng) རྡོ་རྗེ་དགྲ་འདུལ། པ་སངས་དོན་ལྡན།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་པདྨ། ཨེ་བྷི་སེཧྥ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།