བོད་མི་འདུས་སྡོད་ས་གནས་ཁག་ཏུ་སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ཞེ་དགུའི་མཆོད་འབུལ་སྨོན་ལམ་གནང་གི་འདུག
༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་དགོངས་རྫོགས་ཞེ་དགུའི་ཉིན་བཞུགས་སྒར་གཙོས་པའི་བོད་མི་གནས་སྡོད་ས་གནས་མང་པོར་མཆོད་འབུལ་སྨོན་ལམ་དང་། ཞིང་གཤེགས་དམ་པ་དེ་ཉིད་ཀྱི་མཛད་རྗེས་རྗེས་དྲན་ཞུ་བཞིན་འདུག
ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༣ ཚེས་ ༢༨ ཉིན་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་བོད་མི་འདུས་སྡོད་ས་གནས་མང་པོར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་དགོངས་རྫོགས་ཞག་ཞེ་དགུའི་མཆོད་འབུལ་སྨོན་ལམ་འཚོག་བཞིན་འདུག་པ་ལྟར། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུའང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་། དབུས་བཙང་སྤྱི་ཁྱབ་རྒྱུན་ལས་ཁང་། མདོ་སྟོད་སྤྱི་ཁྱབ་རྒྱུན་ལས་ཁང་། མདོ་སྨད་སྤྱི་ཁྱབ་རྒྱུན་ལས་ཁང་། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ལྔའི་གོ་སྒྲིག་འོག་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་ཞེ་དགུའི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་སོང་།
དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་ཀྱིས་ཉེ་ལམ་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་དང་། འདས་པོ་དམ་པ་དེ་ཉིད་ནས་བོད་ཀྱི་འཐབ་རྩོད་ཁྲོད་མཛད་རྗེས་ཆེན་པོ་བསྐྱངས་ཡོད་པས་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ཞེ་དགུའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད་པ་ངོ་སྤྲོད་གནང་བྱུང་།
མཆོད་འབུལ་སྨོན་ལམ་ལ་མཉམ་ཞུགས་གནང་མཁན་རྡ་སར་གནས་སྡོད་བློ་བཟང་དཔལ་ལྡན་ལགས་ཀྱིས། ༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ནི་བོད་དོན་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་། ལྷག་པར་དུ་འདས་པོ་ཁོང་གིས་བོད་མའི་སྒྲིག་འཛུག་ཀྱི་བཀའ་བློན་ཁྲི་པའི་མཛད་འགན་བཞེས་རྒྱུ་མཚོན་པའི་བོད་དོན་ཐོག་སྐུ་ལས་མང་པོ་སྐྱོན་ཏེ། སྐུ་ཚེ་ཧྲིལ་པོ་བོད་དོན་ཆེད་བཏང་ཡོད་པས་རྗེས་དྲན་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་བྱུང་། དེ་མཚུངས་བྱམས་པ་ཤེས་རབ་ལགས་དང་ཚེ་རིང་ལྷ་མོ་ལགས་གཉིས་ཀྱིས་ཀྱང་རྒྱལ་ལོ་དོན་གྲུབ་མཆོག་ནི་༸གོང་ས་མཆོག་གི་གཅེན་པོ་ཡིན་པ་མ་ཟད། བོད་སྤྱི་བའི་དོན་དུ་སྐུ་ལས་ཚད་མེད་སྐྱོན་ཡོད་པས། བོད་དོན་ཆབ་སྲིད་ཐོག་བཀའ་དྲིན་ཆེན་པོ་ཡིན་པ་གསུང་གི་འདུག
གཞན་ཡང་དམ་པ་དེ་ཉིད་གྱི་ཞེ་དགུའི་ཉིན་ཀ་སྦུག་སྟག་འཚེར་གཟིམ་ཤག་དང་། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས། ལ་དྭགས་སོགས་བོད་མི་གནས་སྡོད་ས་གནས་མང་པོར་མཆོད་འབུལ་སྨོན་ལམ་གནང་བཞིན་འདུག
གཞི་རྩེའི་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ནི་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ ཉིན་དགུང་གྲངས་ ༩༧ ཐོག་རྒྱ་གར་ཀ་བློན་སྦུག་གི་གཟིམ་ཤག་ཏུ་དགོངས་པ་རྫོགས་ཡོད་པ་དང་། དམ་དེ་ཉིད་དགོངས་པ་རྫོགས་རྗེས་གདན་ས་བཀྲིས་ལྷུན་པོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་མཆོད་འབུལ་སྨོན་ལམ་གནང་ཡོད་པ་མ་ཟད། བོད་མི་འདུས་སྡོད་ས་གནས་གང་སར་དམ་པ་དེ་ཉིད་ཆེད་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ་ཞུས་ཡོད་པ་རེད།།
གསར་འགོད་པ། ལོ་ཡག་བཀྲིས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།