འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་རྣམས་ལ་རྒྱུས་སྟོན།-
2012.05.05
༄༅།།དེ་རིང་ཕྱི་ཟླ་ ༥ ཚེས་ ༥ གཟའ་སྤེན་པའི་ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༢ ལོར་འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་མ་རྣམས་ལ་མཐོ་སློབ་ཁག་གི་ནང་སློབ་འཇུག་བྱ་ཕྱོགས་ཐད་ཀྱི་རྒྱུས་སྟོན་ཐེངས་བརྒྱད་པ་དེ་གནང་འདུག
བཙན་བྱོལ་ནང་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཚོ་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཁག་གི་ནང་འཛུལ་ཞུགས་བྱེད་དགོས་ཀྱི་ཡོད་ཅིང༌། སྐབས་རེ་གནས་ཚུལ་ཇི་བཞིན་གསལ་རྟོག་དང་རྒྱུས་མངའ་མེད་པ་དང༌། དེ་བཞིན་མ་འོངས་པའི་སློབ་སྦྱོང་ཆེད་ལས་ཇི་འདྲ་ཞིག་འདེམས་ཁ་དགོས་མིན་རང་གི་བསམ་བློའི་ནང་འཆར་སྣང་གསལ་པོ་མེད་པ་སོགས་ཀྱི་རྐྱེན་པས་སློབ་ཕྲུག་མང་དག་ཅིག་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད།
དེ་རིང་བཞུགས་སྒར་རྡ་རམ་ས་ལར་ཚུགས་པའི་རྒྱུས་སྟོན་འདིའི་སྐབས་བསྟན་འཛིན་སྨོན་ལམ་ལགས་ཀྱིས། དེང་སྐབས་སྤྱི་ཚོགས་ནང་བོད་ཡིག་སྦྱང་ན་ཁེ་ཕན་དང་མདུན་ལམ་གང་ཞིག་ཡོད་མེད་ ཅེས་པའི་བརྗོད་གཞིའི་ཐོག་ངོ་སྤྲོད་གསུང་བཤད་གནང་བ་དང༌། ཡང་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་དང་འབྲེལ་བའི་འགན་འཛིན་རྒྱལ་མཚན་ལགས་ཀྱིས། ཚན་རིག་སློབ་སྦྱོང་བྱས་ཏེ་མ་འོངས་པར་ཕན་འབྲས་ཇི་ཡོད་ ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང༌། ཤེས་རིག་ཟུང་དྲུང་ཚེ་རིང་རྟ་མགྲིན་ལགས་ཀྱིས། རྩིས་རིག་གི་སློབ་སྦྱོང་དང་དེའི་ཁེ་ཕན་ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག།
དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས། སྤྱི་ཚོགས་རིག་གནས་ཀྱི་སློབ་སྦྱོང་དང་འཛམ་གླིང་ནང་འབྲེལ་བ་ཞེས་པའི་ བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས། བོད་པའི་སྤྱི་ཚོགས་ནང་དགེ་རྒན་གལ་ཆེ་ཆུང་གང་ཞིག་ཆགས་ཡོད་མེད། གཞན་ཡང་གཞུང་ཞབས་དང་གསར་འགོད་པའི་སློབ་སྦྱོང། གློག་ཀླད་ཤེས་བྱ་དང་ཁྲིམས་ཀྱི་སློབ་སྦྱོང་སོགས་བརྗོད་གཞི་ཁག་མི་འདྲ་བ་དྲུག་གི་ཐོག་ འབྲེལ་ཡོད་ཤེས་ལྡན་མི་སྣ་ཚོས་ངོ་སྤྲོད་གསུང་བཤད་གནང་འདུག།