བོད་སྐད་བཤད་མི་ཆོག་པའི་གསོལ་མགྲོན་ཁང་སྒོ་རྒྱབ་པ།
2016.01.08
བོད་སྐད་བཤད་མི་ཆོག་པ་སྒྲིག་གཞིར་བཀོད་པའི་རེབ་གོང་གི་ཞང་ཡོན་གསོལ་མགྲོན་ཁང་དྲ་དམངས་གི་ངོ་རྒོལ་ལ་བརྟེན་སྒོ་བརྒྱབས་བཅུག་འདུག
དེ་ཡང་ཟླ་འདིའི་ཚེས་༧ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་ཐུན་རིན་རྫོང་མཁར་དུ་ཡོད་པའི། ཞང་ཡོན་གསོལ་མགྲོན་ཁང་(祥云饭店)ཟེར་བའི་གསོལ་མགྲོན་ཁང་གིས་གསོལ་མགྲོན་ཁང་དེའི་ལས་བྱེད་པར་དོ་དམ་སྒྲིག་གཞི་དོན་ཚན་ལྔ་ཅན་ཞིག་གཏན་འབེབས་བྱས་ཡོད་པ་དང་། དོན་ཚན་ལྔ་ཅན་གྱི་སྒྲིག་གཞི་དེའི་དོན་ཚན་དང་པོའི་ནང་། ལས་ཀའི་ཁྱབ་ཁོངས་སུ་དམིགས་བསལ་གནས་ཚུལ་ལས་གཞན་ལས་བྱེད་པའི་དབར་ཕན་ཚུན་བོད་སྐད་བཤད་མི་ཆོག་པ་དང་། གལ་ཏེ་སྒྲིག་གཞི་དང་འགལ་ཚེ་སྒོར་༥༠༠ཉེས་ཆད་གཅོད་རྒྱུ་བཅས་བཀོད་ཡོད་འདུག རེབ་གོང་གི་ཞང་ཡོན་གསོལ་མགྲོན་ཁང་གི་སྒྲིག་གཞི་དེ་དྲ་ཐོག་ཏུ་ཁྱབ་མ་ཐག ས་གནས་ཡུལ་མིས་གཙོས་བོད་ཕྱི་ནང་གཉིས་ཀ་ནས་བོད་མི་མང་པོས་ངོ་རྒོལ་གྱི་རྣམ་འགྱུར་ཆེན་པོ་བསྟན་པ་དང་འབྲེལ་སྤྱི་ཚོགས་དྲ་ལམ་ཁག་ཏུ་མི་མང་པོས་བོད་རྒྱ་ཡིག་རིགས་གཉིས་ཀའི་ཐོག་ནས་ངོ་རྒོལ་གྱི་བརྗོད་ཚིག་མང་པོ་སྤེལ་ཡོད་དང་། ཐད་ཀར་ཁ་པར་བཏང་བ་སོགས་བྱས་བ་མ་ཟད། ལྷག་དོན་རིག་འབྱུང་གླིང་སྐད་འཕྲིན་ཚོགས་པས་དོན་ཚན་བཞི་ཅན་གྱི་གསལ་བསྒྲགས་སྤེལ་བ་སོགས་ངོ་རྒོལ་རིམ་པར་བྱས་མཐར། སྤྱི་ཚེས་༨ཉིན་ཐུན་རིན་རྫོང་བཟོ་ཚོང་འཛིན་སྐྱོང་དོ་དམ་ལས་ཁང་གིས་གསོལ་མགྲོན་ཁང་དེ་གནས་སྐབས་རིང་སྒོ་བརྒྱབས་ནས་དག་ཐེར་བྱེད་བཞིན་པ་རེད།
གནད་དོན་དེའི་ཐད་དྲ་ཐོག་ནས་དྲ་དམངས་ལ་བྱ་སྤྱོད་འདི་འདྲ་བ་མཐོང་ན་ངོ་རྒོལ་བྱེད་དམ་ཞེས་དྲི་བ་རིགས་གསུམ་དྲིས་སྐབས། ཉིན་གཅིག་ནང་། མི་གྲངས་༩༤༧གྱིས་ངོ་རྒོལ་བྱེད་ཅེས་དང་། མི་གྲངས་༣༠༣༦གིས་ངོ་རྒོལ་ཤུགས་དྲག་བྱེད་རྒྱུ། མི་གྲངས་༡༠༦གིས་སྣང་དག་མེད་ཅེས་འདེམས་ཡོད་པ་རེད།
དེ་བཞིན་ཞང་ཡོན་གསོལ་མགྲོན་ཁང་གིས་དགོངས་སེལ་ཡི་གེ་ཟེར་བ་སྤེལ་ནས། རྒྱ་ཆེ་བའི་བོད་རིགས་མི་དམངས་ལ་དགོངས་དག་ཞུས་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་འགལ་བ་ངོས་ལེན་བྱས་འདུག
རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཚོགས་གཙོ་གཞོན་པ་བྱམས་པ་ཕུན་ཚོགས་ལགས་ཀྱིས། ཕྱི་ཟླ་༡༢པའི་ཚེས་༢༢ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་༢༠པའི་གྲོས་ཚོགས་ཐེངས་༡༨པའི་ཚོགས་འདུ་ཐེངས་༢པའི་ཐོག རྒྱ་ནག་ནང་ཕལ་ཆེར་རྒྱུན་འཇགས་སུ་སོང་བའི་གྲངས་ཉུང་མི་རིགས་ལ་མཐོང་ཆུང་གི་གནད་དོན་ལ་སྐྱོན་བརྗོད་གནང་ཡོད་པ་དང་། གྲངས་ཉུང་མི་རིགས་ལ་མཐོང་ཆུང་བྱེད་སྟངས་དེའི་རིགས་ནི་མི་རིགས་ས་ཁུལ་རང་སྐྱོང་གི་ཁྲིམས་ལུགས་དང་ཡོངས་སུ་འགལ་བ་ཡིན་པས། ངེས་པར་དུ་རྩ་བ་ནས་ཡོ་བསྲང་དང་ཐག་གཅོད་ནན་བྱ་དགོས་ཞེས་ནནབརྗོད་གནང་ཡོད་པ་རེད།
གསར་འགོད་པ་འཆི་མེད།