མའོ་ཙེ་ཏུང་གི་ཚ་བོ་ཞིག་དམག་དཔོན་གྱི་གོ་མིང་གནས་སྤར།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་གི་ཚ་བོ་ལ་དམག་དཔོན་གྱི་གོ་གནས་སྤར་ཡོད་པ།

2009.09.22

༄༅༎རྒྱ་ནག་གི་གསར་བརྗེའི་འགོ་ཁྲིད་དང་ཕྱི་ལོ་༡༩༤༩ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་གི་ཚ་བོ་མའོ་ཤིན་ཡུ་ལ་དམག་དཔོན་གྱི་གོ་གནས་སྤར་ཡོད་པའི་སྐོར་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་ཀྲོང་ཆིང་དགོང་དྲོའི་གསར་པར་ཐོག་ལ་མའོ་ཤིན་ཡུ་ནི་སྲིད་དོན་པ་ཞིག་ཡིན་པ་མ་ཟད་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ནང་གི་དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་ཞིག་ཡིན་ཞིང་ཁོང་ལ་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཧྲའོ་ཅང་རིམ་པའི་དམག་དཔོན་དུ་བསྐོ་བཞག་བྱས་པ་དང་ཡིན་ནའང་ཁོང་ལ་དམག་དཔོན་གྱི་གོ་གནས་སྤར་བའི་གནས་ཚུལ་སྐོར་སྤྱི་ཚོགས་ཐོག་གསལ་བསྒྲགས་གང་ཡང་སྤེལ་མེད་ཀྱང་ཉེ་ཆར་མའོ་ཙེ་ཏུང་གི་ཕ་ཡུལ་ཧུ་ནན་ཞིང་ཆེན་ས་གནས་གཞུང་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་གྱི་འགོ་འབྱེད་མཛད་སྒོའི་ཐོག་ལ་མའོ་ཤིན་ཡུ་མཉམ་ཞུགས་བྱེད་པའི་སྐབས་རྒྱ་སྐད་དུ་ཧྲའོ་ཅང་ཟེར་བའི་དམག་དཔོན་གྱི་གོ་གནས་ཀྱི་སྒྲིག་ཆས་གྱོན་ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་རྒྱ་ནག་ཀྲང་ཆིང་ཉིན་རེའི་གསར་ཤོག་ཐོག་ལའང་མའོ་ཤིན་ཡུ་ནི་ལོ་༣༩ཡིན་པར་བརྟེན་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ནང་དུ་ཧྲའོ་ཅང་གོ་གནས་ཡོད་པའི་ལོ་ན་ཆུང་ཤོས་ཡིན་ཞིང་ཁོང་ད་ལྟའི་ལས་གནས་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཆེད་གཉེར་ཞིབ་འཇུག་ཁང་དུ་དམག་འཁྲུག་དང་དམག་དོན་ཐབས་ཇུས་སྐོར་ལ་ཞིབ་འཇུག་འགན་འཛིན་གཞོན་པའི་ལས་ཀ་བྱེད་བཞིན་ཡོད་པའི་ཁར་ད་དུང་རྒྱ་ནག་གུང་ཁྲན་ཏང་གི་གཞོན་ནུ་སྡེ་ཚོགས་ཀྱི་ཚོགས་མི་དང་གྲོས་ཚོགས་ཀྱི་ཆབ་སྲིད་སློབ་སྟོན་པ་གཙོ་བོ་ཞིག་ཀྱང་ཡིན་པའི་སྐོར་བཀོད་ཡོད་པ་རེད། མའོ་ཤིན་ཡུ་ནི་མའོ་ཙེ་ཏུང་གི་བུ་མའོ་ཨན་ཆིང་གི་བུ་ཡིན་ཞིང་ལྷག་པར་དུ་ད་རེས་མའོ་ཤིན་ཡུ་ལ་དམག་དོན་གྱི་གོ་གནས་སྤར་བའི་གནས་ཚུལ་དེ་ནི་མའོ་ཙེ་ཏུང་གིས་ཕྱི་ལོ་༡༩༤༩ལོའི་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་ཟིན་པར་གཟའ་འཁོར་གཅིག་ལྷག་ཙམ་ལས་མེད་པའི་སྐབས་དེར་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎