བལ་པོའི་མི་རིགས་ལ་རང་སྐྱོང་གནས་བབ་དགོས་པའི་ལས་འགུལ།

རྡོ་རྗེ་གླིང་ཁུལ་དུ་བལ་པོའི་མི་རིགས་ཀྱི་སྲིད་དོན་ཚོགས་པ་ཞིག་གིས་བལ་པོའི་མི་རིགས་ལ་རང་སྐྱོང་གནས་བབ་དགོས་པའི་ལས་འགུལ་སྤེལ་བཞིན་པ།

2009.02.08

༄༅༎རྡོ་རྗེ་གླིང་ཁུལ་དུ་གོར་ཁ་ཇན་མུཀ་ཏི་མོར་ཆ་ཞེས་པའི་རྡོ་གླིང་ཁུལ་དུ་གནས་སྡོད་བལ་པོའི་མི་རིགས་ཀྱི་སྲིད་དོན་ཚོགས་པ་ཞིག་གིས་བལ་པོའི་མི་རིགས་ལ་རང་སྐྱོང་གནས་བབ་དགོས་པའི་ལས་འགུལ་སྤེལ་བཞིན་པ་ལྟར་ཁ་ས་རྡུ་ཨར་སེ་ཞེས་པའི་ས་ཁུལ་དུ་ཕྱོགས་གཉིས་དབར་འཁོན་འཁྲུག་བྱུང་སྟེ་མི་གཉིས་བསད་པ་དང་གཞན་མང་པོ་རྨས་སྐྱོན་ཕོག་འདུག

གོར་ཁ་ཇན་མུཀ་ཏི་མོར་ཆ་ཞེས་པས་རྡོ་རྗེ་གླིང་རྫོང་ཁོངས་ས་གནས་ཡོངས་ལ་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ལས་མཚམས་བཞག་སྟེ་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་དྲིལ་བསྒྲགས་བྱས་པ་ལྟར་རྡུ་ཨར་སེ་ཞེས་ཇལ་པའེ་གུ་རི་ས་ཁོངས་ཤིག་ཏུ་ས་གནས་དེ་གང་སྐྱེས་པའི་མི་རིགས་ཀྱི་སྲིད་དོན་ཚོགས་པ་དང་མཉམ་དུ་འཁོན་འཁྲུག་བྱུང་བ་ཡིན་པ་རེད། ཉེན་རྟོག་བསྐོར་སྲུང་བས་སྟངས་འཛིན་ཇི་བཞིན་བྱེད་ཐུབ་མེད་སྟབས་མི་མང་སྡོད་ཁང་དང་སྤྱི་ཁྱང་སོགས་བརྒྱ་སྐོར་ཞིག་གཏོར་བཤིག་དང་མེར་བསྲེགས་བཏང་ཡོད་པ་རེད། གོར་ཁ་ཇན་མུཀ་ཏི་མོར་ཆ་ཞེས་པས་རྡོ་གླིང་ཁུལ་དུ་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ལས་མཚམ་འཇོག་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་དགོས་དོན་ནི་ཉེ་ལམ་སི་ལི་གུ་རི་གྲོང་ཁྱེར་དུ་གོར་ཁ་ཇན་མུཀ་ཏི་མོར་ཆ་ཞེས་པས་ངོ་རྒོལ་ལས་འགུལ་སྤེལ་སྐབས་བུད་མེད་བདུན་ཅུ་དོན་བརྒྱད་ཙམ་གཞུང་གིས་འཛིན་བཟུང་དོ་དམ་བྱས་པ་རྣམས་གློད་འགྲོལ་གཏང་དགོས་པའི་དགོས་འདུན་བཏོན་ཏེ་ངོ་རྒོལ་ལས་འགུལ་སྤེལ་བ་ཡིན་པ་རེད། བར་ལམ་ནས་གོར་ཁ་ཇན་མུཀ་ཏི་མོར་ཆ་ཞེས་པས་ངོ་རྒོལ་ལས་འགུལ་སྤེལ་སྐབས་རྒྱ་གར་མཀ་སེ་དམར་ཤོག་ཚོགས་པ་ཞེས་པ་ལ་སོགས་པས་སྲིད་དོན་ཚོགས་པ་ཁག་གིས་ཁ་གཏད་བཅོག་གི་ཡོད་སྟབས་དྲག་ཟིང་ཇེ་ཆེར་འགྲོ་བཞིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎