རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་གཅེན་མོས་ལྷ་སའི་ཁྲིམས་ཁང་གི་མདུན་ངོ་རྒོལ་སྤེལ་བ།
འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་ལྟར་ན། བོད་ཀྱི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་དམ་ཡོངས་གྲགས་སུ་མགོན་ཏེ་ཞུ་བ་ཁོང་གིས་ཕྱི་ཟླ་༡༢ཚེས་༡༩ཉིན་ལག་ཏུ་རྡོ་རྗེ་བཀྲ་ཤིས་ལ་ནག་ཉེས་མེད་ཡིན་ཅེས་རྒྱ་ཡིག་ཐོག་བྲིས་པའི་ཤོག་སྦྱང་ཞིག་བཟུང་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་ཁང་ཞིག་གི་མདུན་ངོ་རྒོལ་གནང་འདུག་ཅིང་། མགོན་པོ་སྐྱིད་ལགས་ཀྱིས་ངོ་རྒོལ་བྱེད་བཞིན་པའི་བརྙན་པར་དངོས་སུ་མཐོང་མཁན་ཞིག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ། སྐར་མ་བཅོ་ལྔ་ཙམ་རིང་ངོ་རྒོལ་བྱེད་རྗེས་མགོན་པོ་སྐྱིད་ལགས་ཉེན་རྟོག་པས་ཁྲིམས་ཁང་གི་སྒོ་འགྲམ་ནས་ཕྱིར་འབུད་བྱས་འདུག
བོད་ཀྱི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་ལགས་ནི་བོད་མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་བླ་བྲང་ས་དཀར་སྡེ་བ་ནས་ཡིན་ཞིང་། བོད་པའི་ཚོང་པ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ། དེ་སྔ་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་ཡང་ཡིན་པ་རེད།
ཕྱི་ལོ་༢༠༠༨ལོརའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ནམ་རྒྱ་ནག་གཞུང་གིས་གསུམ་གཅིག་བཞི་ཞེས་འབོད་པའི་དོན་རྐྱེན་འོག་ཁོང་ལ་ཐོག་མར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་དང་། རྗེས་སུ་བུ་ལོན་གཡོ་ལེན་བྱས་ཡོད་པར་བསྙད་འདོགས་ཀྱིས་ཕྱི་ལོ་༢༠༡༠ལོའི་ཟླ་བ་༥ཚེས་༡༧ཉིན་ལྷ་སའི་མི་དམངས་ཁྲིམས་ཁང་ནས་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་རྡོ་རྗེ་བཀྲིས་ལགས་ལ་ཉེས་འཛུགས་བྱས་པ་ཁག་དྲང་བདེན་མིན་པའི་ངོ་རྒོལ་ཐེངས་འགའ་ཤས་གནང་ཡོད་ཅིང་། རྡོ་རྗེ་བཀྲིས་ལགས་ཀྱི་གནད་དོན་ཐད་ཨ་རི་གཞུང་དང་ཡོ་རོབ་མཐུན་ཚོགས་སོགས་ནས་རྒྱ་ནག་གཞུང་དང་བཀའ་བསྡུར་གནང་སྐབས། བཙོན་པ་གློད་གྲོལ་བྱེད་དགོས་པའི་མིང་གཞུང་གི་ནང་སླེབས་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།