རྒྱ་ནག་གཞུང་གིས་མགོ་ལོག་དཔོན་སྐོར་སྡེ་པའི་མི་གྲངས་ ༢༠ ལྷག་འཛིན་བཟུང་དང་སྡེ་དཔོན་མགོན་པོ་རྣམ་རྒྱལ་ལ་བཅར་རྡུང་རྐྱེན་གྱིས་འདས་གྲོངས་སུ་གྱུར་འདུག

༢༠༢༤ ཟླ་ ༥ ནང་རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་དཔོན་སྐོར་སྡེ་པ་ནས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ཕ་སྐད་གཙང་མའི་ལས་འགུལ་སྤེལ་བའི་ཉེས་མིང་འོག ཡུལ་དེའི་སྡེ་དཔོན་མགོན་པོ་རྣམ་རྒྱལ་དང་ཤང་སྟོད་དགོན་པའི་མཁན་པོ་བསྟན་པ་དར་རྒྱས་ལགས་གཙོས་སྡེ་མི་༢༠ ལྷག་འཛིན་བཟུང་གིས། འདས་པའི་ཟླ་བ་ ༧ ལྷག་རིང་བཀག་ཉར་བཅར་རྡུང་དང་མནར་གཅོད་བཏང་རྐྱེན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་སྡེ་དཔོན་མགོན་པོ་རྣམ་རྒྱལ་ལགས་བཅར་རྡུང་མནར་གཅོད་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་མཁན་པོ་བསྟན་པ་དར་རྒྱས་གཙོས་འཛིན་བཟུང་བྱས་པའི་སྡེ་མི་གཞན་དག་གི་གནས་སྟངས་གསལ་ཁ་མེད་པར་གྱུར་ཡོད་པས། མི་མང་ངོས་ནས་དགོན་པའི་མཁན་པོ་མཆོག་གཙོས་སྡེ་མི་ཚོའི་སྐུ་གཟུགས་གནས་སྟངས་ཐད་བློ་འཚབ་ཤུགས་ཆེར་གནང་གི་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ ༡༢ ཚེས་ ༢༡ ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཀྱིས་མུ་མཐུད་བརྗོད་དོན་ལ། དཔོན་སྐོར་སྡེ་པའི་ཡུལ་མི་ཚོ་འཛིན་བཟུང་བྱེད་དོན་གཙོ་བོ། མཁན་པོ་བསྟན་པ་དར་རྒྱས་ལགས་ཀྱིས་སྣེ་ཁྲིད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་རྐྱེན་ཡིན་པ་དང་། རྒྱ་ནག་གཞུང་གིས་ཡུལ་མི་དེ་དག་འཛིན་བཟུང་བྱེད་སྐབས་མགོ་ལོག་དར་ལོག་རྫོང་དུ་ཚོགས་འདུ་ཡོད་སྐོར་བརྗོད་ནས་འབོད་འགུག་གིས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོ་ཚོ་ཚང་མ་མགོ་ལོག་ཁུལ་ཐོག་ཏུ་བཀག་ཉར་བྱེད་མུས་ཡིན་ན་ཡང་། ཉིན་ཤས་སྔོན་སྡེ་དཔོན་མགོན་པོ་རྣམ་རྒྱལ་ནད་པ་ཡིན་སྐོར་བརྗོད་ནས་གློད་ཀྲོལ་བཏང་བ་དང་འབྲེལ། ཉིན་གྲངས་གསུམ་ཙམ་ལས་མ་འགོར་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་གི་ཕུང་པོ་ཡུལ་དེའི་ཁྲ་གླིང་དགོན་གྱི་དུར་ཁྲོད་དུ་མེ་བསྲེགས་གཏོང་སྐབས། བཅར་རྡུང་མནར་གཅོད་དང་གློག་ཆས་རིགས་བཀོལ་རྐྱེན་ཁོང་གི་ནང་འཁྲོལ་ཚང་མ་ནག་པོར་གྱུར་ཡོད་པ་ཤེས་རྟོགས་བྱུང་ཡོད་ན་ཡང་། རྒྱ་ནག་གཞུང་ངོས་ནས་ཁོང་གི་ནང་མི་དང་ཡུལ་སྡེ་པར་གསལ་བཤད་རིགས་གང་ཡང་བྱས་མེད་པ་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཁྲོད་ཀྱི་མཁན་པོ་བསྟན་པ་དར་ལགས་ནི། ནམ་རྒྱུན་ཡུལ་མི་ཚོས་དད་གོས་དང་ལམ་སྟོན་ཞུ་ཡུལ་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཁོང་ནི་བླ་རུང་སྒར་གྱི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་ཐུགས་བརྩེ་ཆེན་པོ་གནང་ཡུལ་ཞིག་ཡིན་སྟབས། འདས་པའི་ལོ་མང་རིང་ཁོང་གིས་སྣེ་ཁྲིད་པའི་སྐད་ཡིག་ཚོགས་པས་ཁུལ་དེར་ཕ་སྐད་གཙང་མའི་ལས་འགུལ་མང་པོ་སྤེལ་བ་དང་། ལྷག་པར་མཁན་པོ་ཁོང་གིས་འབྲོག་པ་མང་ཚོགས་ལ་སྒོ་ཟོག་སེམས་ཅན་བཤས་རར་མི་གཏང་རྒྱུ་མཚོན་པའི་བཀའ་སློབ་ལམ་སྟོན་གནང་གི་ཡོད་པས། རྒྱ་ནག་གཞུང་ངོས་ནམ་རྒྱུན་དོགས་ཟོན་དང་རྗེས་འདེད་གཏོང་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། ཡང་འབྲེལ་ཡོད་གཞན་དེས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་མི་མང་གིས་མཁན་པོ་མཆོག་གི་སྐུ་གཟུགས་ལ་ཉེས་སྐྱོན་ཡོང་མིན་ཐད་སེམས་འཚབ་དང་། མི་མང་གིས་མཁན་པོ་མཆོག་གི་སྐུ་ཕྱྭ་དང་། གང་མགྱོགས་ཀློད་གྲོལ་ཡོང་སླད། རང་རང་ས་ནས་གསང་བའི་ངང་ནས་སྐུ་རིམ་དང་རིམ་འགྲོ་སོགས་གསོག་སྒྲུབ་བྱེད་མུས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དུ་མི་མང་རང་བཞིན་གྱི་སྐད་ཡིག་སྲུང་སྐྱོབ་ཚོགས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཚོགས་པ་སོགས་ལ་ཁྲིམས་འགལ་རྩ་འཛུགས་ཞེས་རྩ་གཏོར་གཏོང་ཐབས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་རྫ་དབོན་པོ་ཁུལ་གྱི་ཕ་སྐད་སྲུང་སྐྱོབ་ཚོགས་པ་དང་སྐད་འཕྲིན་ཚོགས་པ་ཚང་མ་སྒོ་རྒྱག་དགོས་པའི་བཙན་བཀའ་དང་མི་མང་ལ་དམ་དྲག་ཤུགས་ཆེར་བྱས་ཡོད་པ་དང་། དེ་མིན་མི་མང་ངོས་ནས་སྐད་ཡིག་སྲུང་སྐྱོབ་དང་སློབ་གྲྭ་ཁག་གི་གུང་གསེང་སྐབས་ཕྲུ་གུར་བོད་ཡིག་ཟབ་སྦྱོང་མི་ཆོག་པ་སོགས་བསྒྲགས་བཞིན་ཡོད་པ་བཞིན། འདི་ལོའི་དགུན་ཁའི་གུང་གསེང་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་ས་སོགས་ནས་མི་མང་དང་ཁྱིམ་བདག་ངོས་ནས་ཕྲུ་གུར་གཞུང་གི་གཏན་འབེབས་ལས། ཟབ་སྦྱོང་དང་ཆོས་ལུགས་བྱེད་སྒོ་སོགས་སུ་རྩ་ནས་ཞུགས་མི་ཆོག་པའི་བཀོད་ཁྱབ་དང་དམ་དྲག་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།