སྒོ་དམར་ཆོས་འཕེལ་བཙོན་གྲོལ་བྱུང་ཡང་མུ་མཐུད་དུ་ལྟ་རྟོག་འོག་འདུག
2017.08.14
དེ་སྔ་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་བའི་སྒོ་དམར་ཆོས་འཕེལ་ལགས་བཙོན་གྲོལ་བྱུང་འདུག་ཀྱང་མུ་མཐུད་ལྟ་རྟོག་འོག་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༥ ་ལོར་འཛིན་བཟུང་བཙན་ཁྲིད་དང་རྗེས་སུ་བཙོན་འཇུག་བྱས་བའི་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་སྤྱི་ལོ་༢༠༡༧་ལོའི་ཟླ་༧་པའི་ཚེས་༡༠་ཡས་མས་སུ་མཚོ་སྔོན་མུན་ཡོན་རྫོང་གི་ ( 门源县 青海浩门农场 )་ཞེས་བའི་བཙོན་ཁང་ནས་གློད་གྲོལ་བཏང་འདུག
བོད་མི་ཞིག་གིས་བརྗོད་དོན། ཁོང་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་སྐབས་དགོན་པའི་དགེ་འདུན་པ་དང་། ཉེ་འབྲེལ་སོགས་གང་མང་འཚམས་འདྲིར་བཅར་འདུག་ཀྱང་སྐབས་ཆེར་མངོན་གསལ་དོད་པོས་མི་ཚོགས་འཛོམས་པ་དང་། འདྲ་པར་རྒྱག་པ་སོགས་བྱེད་མི་ཆོག་པ་སྔོན་ནས་ཉེན་བརྡ་བཏང་ཡོད་ཚུལ་དང་། ཁོང་ད་ལྟ་ཕྱིར་རོང་པོ་དགོན་ཆེན་ལ་ཕེབས་ཡོད་ཀྱང་གནས་སྐབས་རིང་ས་གནས་གཞན་ལ་གང་འདོད་དུ་འགྲོ་བསྐྱོད་མི་ཆོག་པར་ས་གནས་ཉེན་རྟོག་པའི་ལྟ་རྟོག་དོ་དམ་འོག་ཡོད་པ་བརྗོད་བྱུང་།
དེ་སྔ་༢༠༡༥ ལོའི་ཟླ་ ༧ ་ཕྱི་ཚེས་ ༡༠ ་ཙམ་ལ། རེབ་གོང་ཐུན་རིན་རྫོང་གི་ཉེན་རྟོག་པས་གྲྭ་སྒོ་དམར་ཆོས་འཕེལ་ལགས་ཀྱི་བཞུགས་ཤག་ཏུ་སྔོག་བཤེར་བྱས་ཏེ། ༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་པ་ནག་ཉེས་སུ་རྩིས་ཏེ་འཛིན་བཟུང་བཙན་ཁྲིད་བྱས་ནས་ཟླ་ངོ་ ༧ ་ལྷག་ལ་བཀག་ཉར་བྱས་བ་དང་། དེའི་རྗེས་སུ་ཁོང་གིས་ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་༼འདྲ་མཉམ་མེད་ན་ཞི་འཇགས་མེད༽་ཞེས་ཡིག་གེ་འཁོད་པའི་༧གོང་ས་མཆོག་གི་སྐུ་པར་བརྒྱུད་བསྐུར་དང་ཉར་ཚགས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་པའི་ཉེས་མིང་འོག་སྤྱི་ལོ་༢༠༡༦་ཟླ་༢་བའི་ཚེས་༡༧་ཉིན་ཉིན་རྨ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་སུ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད།
ད་བར་ཁོ་རང་བཙོན་འཇུག་བྱེད་སའི་མཚོ་སྔོན་ཞིང་ཆེན་མུན་ཡོན་རྫོང་ཧོ་མིན་ཞང་གི་བཙོན་ཁང་ཞིག་དུ་བཀག་ཉར་བྱས་པ་དང་། བཙོན་ཁང་དུ་ཉིན་རེར་ཆུ་ཚོད་༡༥་རེར་དམག་ལྭ་དང་། བྱ་སྤུའི་གྱོན་ཆས་རིགས་བཟོ་བ། ལྕགས་རྭ་སོགས་ཀྱི་ལས་ཀ་བཀོལ་ནས་ཚོང་རྫས་དེ་དག་ནི་རྒྱ་ནག་གི་ཕྱུག་བདག་ཚོང་པ་ཚོར་སྡེབ་བཙོང་བྱེད་ཀྱི་ཡོད་འདུག
གྲྭ་ཆོས་འཕེལ་ལགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་སྒོ་དམར་གྲོང་ཚོ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༤༨ ཡིན་འདུག
གསར་འགོད་པ་ཀླུ་འབུམ།