མགོ་ལོག་རྨ་སྟོད་དུ་ས་ཡོམ་ཚད་རིམ་ ༥.༥་ཅན་ཞིག་བྱུང་ཡོད་འདུག

2025.01.08
མགོ་ལོག་རྨ་སྟོད་དུ་ས་ཡོམ་ཚད་རིམ་ ༥.༥་ཅན་ཞིག་བྱུང་ཡོད་འདུག ས་ཁྲ་ནས་བླངས་པའི་མགོ་ལོག་རྨ་སྟོད་རྫོང་།
Google Earth screenshot

དེ་རིང་ཕྱི་ཟླ་ ༡ ཚེས་ ༨ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༣:༤༤སྟེང་། བོད་ནང་གི་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ་ ༥.༥ཅན་གྱི་ས་ཡོམ་བྱུང་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ས་ཡོམ་གྱི་གཏིང་ཚད་སྤྱི་ལེ་ ༡༤་ཡིན་པ་བཀོད་འདུག་ལ། རྨ་སྟོད་རྫོང་ཐོག་ནས་ས་ཡོམ་གྱི་འགུལ་ཚད་ཧ་ཅང་ཤུགས་ཆེན་པོ་ཚོར་བྱུང་བ་དང་། ས་ཡོམ་བྱུང་བ་དང་མི་ཚང་མ་རྫོང་གི་ཁྲོམ་སྲང་དུ་སྒོར་བུད་འདུག་ལ། སྡོད་ཁང་དང་གྱང་སོགས་ལ་གས་ཆག་ཤོར་བ་དང་། ཚོང་ཁང་སོགས་སུ་ཅ་དངོས་གང་སར་འཐོར་བ་རིགས་བྱུང་ཡོད་པ་ལས། ཁང་པ་ཁང་བརྡིབ་པ་དང་མི་སྣར་ཤི་རྨས་བྱུང་བའི་གནས་ཚུལ་གོ་ཐོས་མེད་སྐོར། ས་གནས་ཀྱི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ནས་མུ་མཐུད། དེ་རིང་སྔ་དྲོ་ནས་བཟུང་རྨ་སྟོད་རྫོང་དུ་ཁ་བ་བས་ཏེ་གནམ་གཤིས་གྲང་ཁྱག་ཆེན་པོ་ཡིན་པ་དང་། ས་ཡོམ་བྱུང་ཁུལ་གྱི་ལྟེ་གནས་གཙོ་བོ་རྨ་སྟོད་རྫོང་གི་མཚོ་སྐྱ་ཡུལ་ཚོར་ཁེལ་ཡོད་པ་བརྗོད་བཞིན་འདུག་ལ། ས་ཡོམ་གྱི་འགུལ་ཚད་ལ་དཔག་ན་ཤི་རྨས་གཏོར་སྐྱོན་རིགས་ཡོང་གཞིར་གྱུར་ཡོད་པ་དང་། རྨ་སྟོད་རྫོང་ཐོག་ནས་གནམ་གཤིས་རྐྱེན་གྱིས་ད་ལྟའི་ཆར་མི་ཚང་མ་རང་ཁྱིམ་དུ་འཛུལ་དགོས་བྱུང་ཡོད་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་ལ། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ས་ཡོམ་བྱུང་ཁུལ་གྱི་ལྟེ་བ་གཙོ་བོ། རྨ་སྟོད་རྫོང་ནས་སྤྱི་ལེ་ ༦༥ མཚམས་དང་། ས་ཡོམ་བྱུང་ཁུལ་གྱི་སྤྱི་ལེ་ ༥ ཡི་ནང་མི་ཚོགས་འདུས་སྡོད་མང་པོ་མེད་པའི་གནས་སུ་ཁེལ་ཡོད་པས། ཤི་རྨས་ཀྱི་གནས་ཚུལ་མེད་སྐོར་བཀོད་འདུག

མགོ་ལོག་རྨ་སྟོད་དུ་ད་ཐེངས་ཙམ་མ་ཡིན་པར་དེ་སྔ་ནས་ས་ཡོམ་རིམ་པར་བྱུང་བའི་གནས་ཚུལ་ཐོན་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༡་ལོའི་ཕྱི་ཟླ་ ༥་ནང་འགུལ་ཚད་༧.༤ ཅན་གྱི་ས་ཡོམ་བྱུང་སྟེ། མི་རྒྱུ་གཉིས་ལ་གོད་ཆག་དང་། བོད་མི་༢༠་ལྷག་འདས་གྲོངས་སུ་ཕྱིན་པ་དང་༣༠༠་ལྷག་ལ་རྨས་སྐྱོན་ཕོག་པ་མ་ཟད། རྨ་སྟོད་རྫོང་དུ་ཕྱུགས་རིགས་ ༨༡༠་ཤི་སྐྱོན་དང་ཕྱུགས་ཟོག་ར་བ་༥༣༣༠་གཏོར་བཤིག་བཏང་ཡོད་པ་དང་། རྨ་སྟོད་རྫོང་དུ་ཕྱུགས་རིགས་ ༨༡༠་ཤི་སྐྱོན་དང་སྡོད་ཁང་ཕྱུགས་ཟོག་ར་བ་༥༣༣༠་གཏོར་བཤིག་བཏང་བའི་གནས་ཚུལ་བྱུང་ཡོད་ན་ཡང་། སྐབས་དེར་རྒྱ་ནག་གཞུང་གིས་ས་གནས་ཡུལ་མི་ཚོར་ས་ཡོམ་སྐོར་གྱི་གནས་ཚུལ་དང་པར་སོགས་སྤྱི་ཚོགས་དྲ་ལམ་དུ་སྤེལ་མི་ཆོག་པའི་དམ་དྲགས་རིགས་བྱས་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 













བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎