༧གོང་ས་མཆོག་ལྡི་ལིར་འཚོགས་རྒྱུའི་གོ་ལའི་ནང་པའི་ལྷན་ཚོགས་སུ་དབུ་བཞུགས་གནང་རྒྱུ་རེད།

2023.04.18
༧གོང་ས་མཆོག་ལྡི་ལིར་འཚོགས་རྒྱུའི་གོ་ལའི་ནང་པའི་ལྷན་ཚོགས་སུ་དབུ་བཞུགས་གནང་རྒྱུ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
OHHDL

དེ་ཡང་རྒྱ་གར་གཞུང་གི་རིག་གཞུང་ལྷན་ཁང་གིས་ཆེས་ཐོག་མའི་གོ་ལའི་ནང་པའི་ལྷན་ཚོགས་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་གི་ཨ་ཤོ་ཁཱ་(Ashoka)་གསོལ་མགྲོན་ཁང་དུ། ཕྱི་ཟླ་༤བའི་ཚེས་༢༠དང་༢༡བཅས་ཉིན་གཉིས་རིང་གོ་སྒྲིག་ཞུ་བཞིན་པའི་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་གཏན་འཁེལ་འདུག་ལ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་ཆེད་༧གོང་ས་མཆོག་ཚེས་༡༩ཉིན་ཕོ་བྲང་ནས་ལྡི་ལིར་ཆིབས་ཐོན་གནང་གི་ཡོད་པ་གསུང་བྱུང་།
རྒྱ་གར་གྱི་གསར་ལམ་(WOINNEWS)་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཉིན་དང་པོར་རྒྱ་གར་གྱི་སྲིད་བློན་ན་རན་རྡར་མོ་དྷིས་(Narendra Modi) མཆོག་ཀྱང་དབུ་བཞུགས་གནང་གི་ཡོད་འདུག
གོ་ལའི་ནང་པའི་ལྷན་ཚོགས་དེ་འདྲ་རྒྱ་གར་གཞུང་གིས་གོ་སྒྲིག་གནང་བ་ད་བར་ཐོག་མ་ཡིན་པ་དང་། ད་རེས་གཙོ་བོ་ནི། ནང་པའི་ལྟ་གྲུབ་ལག་ལེན་གནང་བ་བརྒྱུད་ནས་དེང་དུས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་གནང་ཕྱིར་དང་། ཡང་དེ་ནི་ནང་པའི་མཁས་པ་རྣམས་དང་དགེ་འདུན་པ་རྣམས་ལ་སྡིངས་ཆ་ཞིག་བསྐྲུན་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ནང་ཆོས་ཀྱི་རིན་ཐང་ཁག་ཕྱག་ལེན་བསྟར་ནས། འཛམ་གླིང་རྒྱལ་ཡོངས་ནང་ཞི་བདེ་དང་མི་མང་རྣམས་འཆམ་མཐུན་མཉམ་གནས་བསྐྲུན་ཐབས་ཆེད་ཕྱག་ལས་གནང་རྒྱུའི་ཆེད་དུ་ཡིན་སྐོར་གསལ་བསྒྲགས་གནང་འདུག
ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་རྒྱལ་སྤྱིའི་ནང་བསྟན་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཀྱིས། ཚོགས་ཆེན་དེར་འཛམ་གླིང་གི་རྒྱལ་ཁབ་ཁག་༡༧༠ཙམ་གྱི་སྐུ་ཚབ་འཐུས་མི་དང་ནང་ཆོས་ཀྱི་ཤེས་ཡོན་དང་འབྲེལ་བའི་རྒྱལ་ཁབ་འདྲ་མིན་གྱི་ཆེད་ལས་པ་༢༠༠་ལྷག་མཉམ་ཞུགས་གནང་གཏན་འཁེལ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཕྱི་ལོ་༢༠༢༣་ལོའི་གོ་ལའི་ནང་པའི་ཆེས་མཐོའི་ལྷན་ཚོགས་དེ་ནི། སའི་གོ་ལའི་ནང་འགག་རྩའི་རྩོད་རྙོག་ཁག་ནང་པའི་ལྟ་གྲུབ་དང་ལག་ལེན་བརྒྱུད་ནས་སེལ་རྒྱུ་དང་། དེ་ཡིས་ནང་པའི་མཁས་པ་རྣམས་དང་ནང་ཆོས་ཉམས་ལེན་གནང་མཁན། དེ་བཞིན་དབུ་ཁྲིད་རྣམས་ལ་ཀུན་ཁྱབ་རིན་ཐང་ཞི་བདེ་དང་བྱམས་བརྩེ། འཆམ་མཐུན་མཉམ་གནས་སོགས་ལ་བརྟེན་ནས་དཀའ་རྙོག་ཁག་སེལ་ཐབས་སུ་ལམ་སྟོན་གནང་རྒྱུ་སོགས་ཡིན་འདུག བོད་ཀྱི་བླ་ཆེན་ཁག་མང་པོ་གདན་ཞུས་ལྟར་མཉམ་ཞུགས་གནང་གི་ཡོད་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎