ལྡི་ལིར་གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཞིག་རྒྱ་གར་གཞུང་གིས་གོ་སྒྲིག་གནང་འཆར་འདུག

རྒྱ་གར་གཞུང་གི་རིག་གཞུང་ལྷན་ཁང་གིས་ཆེས་ཐོག་མའི་གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་གི་ཨ་ཤོ་ཁཱ་(Ashoka)་གསོལ་མགྲོན་ཁང་དུ། ཕྱི་ཟླ་༤བའི་ཚེས་༢༠དང་༢༡བཅས་ཉིན་གཉིས་རིང་གོ་སྒྲིག་ཞུ་འཆར་ཡོད་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི། ནང་པའི་ལྟ་གྲུབ་ལག་ལེན་གནང་བ་བརྒྱུད་ནས་དེང་དུས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་གནང་ཕྱིར་དང་། ཡང་དེ་ནི་ནང་པའི་མཁས་པ་རྣམས་དང་དགེ་འདུན་པ་རྣམས་ལ་སྡིངས་ཆ་ཞིག་བསྐྲུན་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ནང་ཆོས་ཀྱི་རིན་ཐང་ཁག་ཕྱག་ལེན་བསྟར་ནས། འཛམ་གླིང་རྒྱལ་ཡོངས་ནང་ཞི་བདེ་དང་མི་མང་རྣམས་འཆམ་མཐུན་མཉམ་གནས་བསྐྲུན་ཐབས་ཆེད་ཕྱག་ལས་གནང་རྒྱུའི་ཆེད་དུ་ཡིན་སྐོར་གསལ་བསྒྲགས་གནང་འདུག
ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་རྒྱལ་སྤྱིའི་ནང་བསྟན་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཀྱིས། ཚོགས་ཆེན་དེར་འཛམ་གླིང་གི་རྒྱལ་ཁབ་ཁག་༡༧༠ཙམ་གྱི་སྐུ་ཚབ་འཐུས་མི་དང་ནང་ཆོས་ཀྱི་ཤེས་ཡོན་དང་འབྲེལ་བའི་རྒྱལ་ཁབ་འདྲ་མིན་གྱི་ཆེད་ལས་པ་༢༠༠་ལྷག་མཉམ་ཞུགས་གནང་གཏན་འཁེལ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ད་རེས་ལྷན་ཚོགས་དེ་བརྒྱུད་ནས་རྒྱ་གར་དང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནང་ཆོས་དང་རིག་གཞུང་སོགས་ཀྱི་ཐོག་འབྲེལ་བ་ཡོད་པའི་ལྷོ་དང་ལྷོ་ཤར་ཨེ་ཤེ་ཡ། དེ་བཞིན་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་མཉམ་དུ་འབྲེལ་ལམ་བསྐྱར་གསོ་དོན་གཉེར་གནང་རྒྱུ་མ་ཟད། ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་རྣམས་ཀྱིས་དེའི་ཐད་ཡིག་ཆ་ཞིག་རྒྱལ་སྤྱིའི་ཐོག་མཁས་པ་རྣམས་ཀྱིས་ཞིབ་འཇུག་གནང་སྐབས་དཔྱད་གཞིའི་ཡིག་ཆ་ལྟ་བུར་བེད་སྤྱོད་གནང་ཐུབ་པ་ཞིག་བཟོ་རྒྱུའི་རེ་བ་གནང་གི་ཡོད་འདུག
ནང་པའི་ཆེས་མཐོའི་ལྷན་ཚོགས་དེའི་ཐོག་སྙིང་དོན་གཙོ་བོ་བཞིའི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་ཞིང་། དེ་དག་ཁོངས་སུ་ནང་བསྟན་དང་ཞི་བདེ། ཁོར་ཡུག་ལ་འཕྲད་བཞིན་པའི་དཀའ་ངལ་ཁག འཕྲོད་བསྟེན། དཔལ་ན་ལེན་དྲའི་ནང་པའི་སྲོལ་རྒྱུན་ཁག་མི་ཉམས་བརྒྱུད་འཛིན་དང་བདག་གཅེས་སྲུང་སྐྱོབ་ཞུ་རྒྱུ། དེ་བཞིན་ནང་པའི་གནས་ཆེན་ཁག་གི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད་འདུག
ཡང་ཕྱི་ལོ་༢༠༢༣་ལོའི་གོ་ལའི་ནང་པའི་ཆེས་མཐོའི་ལྷན་ཚོགས་དེ་ནི། སའི་གོ་ལའི་ནང་འགག་རྩའི་རྩོད་རྙོག་ཁག་ནང་པའི་ལྟ་གྲུབ་དང་ལག་ལེན་བརྒྱུད་ནས་སེལ་རྒྱུ་དང་། དེ་ཡིས་ནང་པའི་མཁས་པ་རྣམས་དང་ནང་ཆོས་ཉམས་ལེན་གནང་མཁན། དེ་བཞིན་དབུ་ཁྲིད་རྣམས་ལ་ཀུན་ཁྱབ་རིན་ཐང་ཞི་བདེ་དང་བྱམས་བརྩེ། འཆམ་མཐུན་མཉམ་གནས་སོགས་ལ་བརྟེན་ནས་དཀའ་རྙོག་ཁག་སེལ་ཐབས་སུ་ལམ་སྟོན་གནང་རྒྱུ་སོགས་ཡིན་འདུག ན་རོ་བང་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་མཆོག་དང་སྐུ་ཚབ་འཐུས་མི་རྣམས་ཀྱིས་གོང་ཞུས་ལྷན་ཚོགས་དེའི་སྐོར་འགྲེལ་བཤད་གནང་བ་དང་། ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་མཆོག་རྒྱལ་སྤྱིའི་ནང་བསྟན་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཡིན་པ་རེད་འདུག།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།