སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་བསྙོན་འཛུགས་ཀྱི་གནས་བབ་དེ། གཞི་རྩ་མེད་པ་དང་གཙང་མ་ཆགས་ཚར་པ་རེད་ཅེས། སྤྱི་འཐུས་ཚོགས་གཙོ་ནས་གསུངས་པ།

2024.03.13
སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་བསྙོན་འཛུགས་ཀྱི་གནས་བབ་དེ། གཞི་རྩ་མེད་པ་དང་གཙང་མ་ཆགས་ཚར་པ་རེད་ཅེས། སྤྱི་འཐུས་ཚོགས་གཙོ་ནས་གསུངས་པ། སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་འཕྲོ་སྐྱོང་ཚོགས་དུས་སྐབས། ༢༠༢༤།༠༣།༡༣ ཉིན།
བོད་མིའི་སྒྲིག་འཛུགས།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྔོན་མའི་ལས་ཉིན་འཕྲོ་སྐྱོང་དེ། བཞུགས་སྒར་དུ་སྤྱི་ཟླ་ ༣ པའི་ཚེས་ ༡༣ ཉིན་དབུ་འཛུགས་དང་འབྲེལ། སྔ་ལོ་སྤྱི་ཟླ་ ༩ པའི་ནང་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་རྒྱ་མིའི་གསང་མྱུལ་དང་ཐུག་མིན་གྱི་སྐྱོན་འཛུགས་རྙོག་གླེང་གི་གནས་སྟངས་དེ། གྲོས་ཚོགས་སུ་གཙང་མ་མ་བཟོས་ན་གྲོས་ཚོགས་ཀྱི་ཆ་ཤས་ལེན་རྒྱུ་མིན་ཞེས་སྤྱི་འཐུས་མང་པོས་ཆ་ཤས་མ་བཞེས་པར་བརྟེན། གྲོས་ཚོགས་མཇུག་སྐྱོང་གནང་ཐུབ་མེད་པས་གནད་དོན་དེར་བདེ་སྲུང་ལས་ཁུངས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་གྱི་སྙན་ཐོ་བཏོན་པའི་སྙིང་དོན་ནི། རྒྱ་གར་གྱི་སི་ལི་གུ་རིར་གྲོང་ཁྱེར་དུ་Mayfair Tea Resortམགྲོན་ཁང་ནང་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་པ་ཁྲེན་ཧྲུའུ་མི་དང་དོ་བདག་གཉིས་ཐུག་འཕྲད་བྱས་པའི་དངོས་དཔང་ར་འཕྲོད་ཐུབ་པ་མི་འདུག་ཅེས་གསལ་ཡོད་པ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ད་ལན་གྱི་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས། ཁུངས་སྐྱེལ་དཔང་རྟགས་གང་ཡང་མེད་དུས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་བསྙོན་འཛུགས་ཀྱི་གནས་བབ་དེ་གཞི་རྩ་མེད་པ་དང་གཙང་མ་ཆགས་ཚར་པ་རེད་ཅེས་གསལ་སྟོན་གནང་གི་འདུག

དོ་བདག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་གནས་ཚུལ་དེ་བདེ་སྲུང་ལས་ཁུངས་ནས་བཀའ་ཤག་ལ་ཕུལ་བ་དང་། བཀའ་ཤག་གིས་གྲོས་ཚོགས་སུ་ཕུལ་བ་གྲོས་ཚོགས་ཚོགས་གཙོས་སྙན་སྒྲོན་ཞུས་པ་ནང་བཞིན། གནས་སྟངས་དེ་གསལ་བོ་གསལ་རྐྱང་ཆགས་ཡོད་པ་དང་། ངས་ད་བར་སོ་སོའི་ཆབ་སྲིད་ལངས་ཕྱོགས་དང་བོད་བསྟན་པ་ཆབ་སྲིད། ༸གོང་ས་མཆོག་ལ་ཆེ་མཐོང་གང་གི་ཐོག་ནས་ཡིན་ན་བསྟན་དགྲ་རྒྱ་དམར་དང་དུས་ནམ་ཡང་འབྲེལ་བ་མེད་པ་དེ་ང་རང་གིས་ཤེས་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་སུ་སྐྱོན་འཛུགས་བྱེད་མཁན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས། ཚོགས་གཙོས་ད་ལྟ་བར་གྱི་བྱུང་རིམ་ཚང་མ་གྲོས་ཚོགས་དེབ་ཐེར་ནས་ཕྱིར་འཐེན་ཡིན་པ་དང་། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་ཞེས་གསུངས་ཏེ་གྲོས་ཚོགས་གཤིས་འཇམ་པོའི་ངང་འགྲོ་བཞིན་པ་དེ་བཞིན་དུ་མུ་མཐུད་འགྲོ་བ་མ་གཏོགས། དེ་ལས་སྤྲོས་པ་ད་བར་བྱུང་རིམ་ལ་རྒྱབ་བཤིག་བརྒྱབས་ཏེ་གང་ཡང་ཞུ་རྒྱུ་མེད་ཅེས་འགྲེལ་བརྗོད་གནང་གི་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ད་རེས་གྲོས་ཚོགས་འདི་ཚོགས་མི་ཐུབ་པའི་རྒྱུ་མཚན་ཅི་མེད་པར་བཟང་ཕྱོགས་ནས་བལྟ་ཡི་ཡོད་པ་དང་། ད་ལྟ་བར་གནས་སྟངས་ཤིག་གི་འོག་ནས་ཕྱིན་པ་རེད། ཡིན་ནའང་རྒྱ་ཆེ་ས་ནས་ང་ཚོས་བོད་སྤྱི་བ་ལ་བསམ་བློ་བཏང་དགོས་པ་མ་གཏོགས། ཁྲིམས་སྒྲིག་བསྐྱར་བཅོས་དགོས་རིགས་སོགས་དུས་ཐོག་བྱ་མ་ཐུབ་པར། ཕར་འགྱངས་སོང་ན་ཕན་གནོད་ག་ཚོད་འདྲེན་བཞིན་པ་ཚང་མས་མཁྱེན་གསལ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

སྔ་ལོ་སྤྱི་ཟླ་ ༩ པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་མ་ལག་དང་བཅས་པའི་སྤྱི་ལོ་ ༢༠༢༢ དང་ ༢༣ གྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་རྒྱུ་དེར། སྐབས་དེའི་གྲོས་ཚོགས་ཉིན་གསུམ་རིང་མ་གཏོགས་འཚོགས་མ་ཐུབ་པ་འཕྲོ་སྐྱོང་གནང་རྒྱུར་ལྷག་པ་མ་ཟད། ཡང་གྲོས་ཚོགས་ལས་རིམ་དེ་སྤྱི་ལོ་ ༢༠༢༣ ལོའི་སྤྱི་ཟླ་ ༡༢ པའི་ནང་འཚོགས་གཏན་ཁེལ་བའང་སྤྱི་འཐུས་ཁག་ཅིག་དགོངས་ཞུས་ཀྱིས་སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་འཕར་འགྱངས་གནང་དགོས་ཆགས་ཡོད་པས། སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་འཕྲོ་སྐྱོང་འདིར། སྤྱི་ཚེས་ ༡༣ ནས་ ༡༦ ཉི་མ་བཞི་རིང་། ནང་སྲིད་དང་ཤེས་རིག་ལས་ཁུངས། བདེ་སྲུང་དང་འཕྲོད་བསྟེན། དཔལ་འབྱོར་ལས་ཁུངས་བཅས་ཀྱི་ལས་བསྡོམས་སྙན་སྒྲོན་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།  
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎