བཙུན་དགོན་ཁག་གི་དགེ་བཤེས་མའི་ཡིག་རྒྱུགས་གཏོང་བཞིན་པ།
2014.05.05
ནོར་གླིང་ཉེ་འགྲམ་གྱི་བཙུན་དགོན་སྒྲོལ་མ་གླིང་དུ་བཙུན་དགོན་ཁག་གི་དགེ་བཤེས་མའི་ཡིག་རྒྱུགས་གཏོང་བཞིན་པ་རེད་འདུག
དེ་ཡང་གནས་ཚུལ་ལྟར་ན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བཙུན་དགོན་ཁག་གི་བཙུན་མ་ཚོའི་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚན་པས་གོ་སྒྲིག་འོག་དགེ་བཤེས་མ་ལོ་རིམ་དང་པོ་དང་གཉིས་པ་གཉིས་ཀྱི་ཡིག་རྒྱུགས་ཟླ་བ་འདིའི་ཚེས་༡ཉིན་ནས་ནོར་གླིང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བཙུན་དགོན་སྒྲོལ་མ་གླིང་དུ་གཏོང་འགོ་ཚུགས་པ་དང་། དེ་ནི་༧གོང་ས་མཆོག་གིས་བོད་པའི་སྤྱི་ཚོགས་ནང་བཙུན་མ་ཚོས་ཀྱང་དགེ་འདུན་པ་བཞིན་གཞུང་ཆེན་བཀའ་པོད་ལྔ་ལ་འཆད་ཉན་ཐོས་བསམ་གྱི་སློབ་གཉེར་བྱས་ཏེ། དགེ་བཤེས་མ་གང་མང་འཐོན་ཐབས་ལ་འབད་བརྩོན་བྱེད་དགོས་སྐོར་བཀའ་སློབ་རིམ་ཕེབས་ལྟར། སྔ་ལོ་རྒྱ་གར་ནང་དགེ་བཤེས་མའི་ཡིག་རྒྱུགས་ལོ་རིམ་དང་པོ་བཏང་ཡོད་པ་མ་ཟད། འདི་ཚེས་ ༡ ནས་བཟུང་བཙུན་དགོན་སྒྲོལ་མ་གླིང་དུ་དགེ་བཤེས་མའི་ཡིག་རྒྱུགས་ལོ་རིམ་དང་པོ་དང་གཉིས་པ་གཉིས་འགོ་འཛུགས་གནང་ཡོད་པ་དང༌། ཉིན་གྲངས་བཅོ་ལྔའི་རིང་གི་ཡིག་རྒྱུགས་དེའི་ནང་ལོ་སྔོན་མར་ལོ་རིམ་དང་པོའི་ནང་ནས་ལོ་རིམ་གཉིས་པར་སླེབས་པའི་བཙུན་མ་༢༣ དང་། འདི་ལོ་ལོ་རིམ་དང་པོའི་ནང་བཙུན་མ་ ༦ བཅས་ཁྱོན་བསྡོམས་བཙུན་མ་གྲངས་ ༢༩ ཡོད་འདུག ཡིག་རྒྱུགས་གཙོ་བོ་ཕར་ཕྱིན་དང་དབུ་མ། ཚད་མ་གསུམ་གྱི་ནང་དོན་ཐོག་རྩོད་རྒྱུགས་དང་། འབྲི་རྒྱུགས་གཏོང་གི་ཡོད་པ་མ་ཟད། ལོ་རིམ་གཉིས་ཀའི་ནང་མཉམ་ཞུགས་གནང་མཁན་ཚོས་བརྡ་སྤྲོད་དང་རྒྱལ་རབས། ཆོས་འབྱུང་། དེ་བཞིན་ཚན་རིག་སློབ་ཚན་བཅས་པའི་ནང་དུའང་འབྲི་རྒྱུགས་གཏོང་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།